གཟའ་ཉི་མ།
འཇམ.ཨ་རུ་ནག་པོ།
དེ་རིང་གཟའ་ཉི་མ་རེད། ཞོགས་པའི་ཉི་ཟེར་མག་མོག་གི་སྤྲིན་གསེབ་ན་ཐར་ཐོར་གྱི་རྣམ་པའི་ས་ངོས་སུ་ལྷུང་གིན་ཡོད། སྟོན་འཇུག་རྫོགས་ལ་ཡོད་པའི་མཐོ་སྒང་འདིའི་དེ་རིང་གི་གནམ་གཤིས་ནི་དྲོད་འཇམ་ལྡན་ཞིང་ལུས་ལ་འཚམ་པ་ཞིག་མ་ཡིན་པར། ཕྱི་རུ་འགྲོ་བ་དག་ལ་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་རང་བཞིན་གྱིས་སྟེར་བར་བྱེད།
རྫོང་མཁར་ཆུང་ཆུང་འདིའི་སྲང་ལམ་ཀུན་དུ་ལག་ལ་ཕྱགས་མ་ཐོགས་པའི་ཨ་ནེ་འགས་དེ་རིང་གཟའ་འཇུག་ཡིན་པ་མ་ཤེས་བ་འམ། ཡང་ན་དོ་སྣང་བྱེད་ཁོམ་མ་བྱུང་བ་གང་ཡིན་མི་ཤེས་མོད། རང་རང་ས་རུ་སྲང་ལམ་གད་དར་གྱི་ལས་ལ་བྲེལ་བཞིན་ཡོད།
བྱེ་བྲག་གི་ཆ་ཤས་སུ་གྱུར་བའི་འཁོར་ཡུག་འདི་རུ། དཀོན་མཆོག་གི་མི་བུ་ཀུན་ལ་མཐུན་མོང་གི་བགོས་སྐལ་དུ་བསྩལ་པའི་གཟའ་ཉི་མའི་ངལ་གསོ་འདི་དང་ལེན་མི་བྱེད་མཁན་དང་། ཡང་ན་འདི་ལ་དོ་སྣང་མི་བྱེད་མཁན་གྱི་མི་མི་ཉུང་བ་ཞིགཡོད་པ་རེད། རྒྱུ་རྐྱེན་ནི་དེ་དག་ལ་ཡང་རང་རང་གི་ས་རུ་གནས་ལུགས་དང་བྲེལ་འཚུབ་ཡོད་པས་རེད།
དབང་མོ་སྒྲོལ་མ་ཡང་སྔ་མོར་ལང་ནས། དུས་རྒྱུན་གོམས་ལོབས་སུ་སོང་བ་ལྟར་ཞོགས་པས་དཔེ་ཀློག་གི་ལས་ལ་ཞུགས་མགོ་བརྩམས། དེ་རིང་གཟའ་ཉི་ཡིན་པས་ཁོ་མོའི་དཔེ་ཀློག་གི་དུས་ཡུན་སྔ་མོའི་དུས་ཚོད་བཅུ་དང་ཕྱེད་ཀས་བར་རྒྱུན་བསྲིང། དབང་མོ་སྒྲོལ་མ་ནི་དམའ་འབྲིང་གི་ཡོན་ཚད་ལས་མེད་པས་ཤེས་ལྡན་མི་སྣ་ཕལ་བ་ཞིག་ཡིན། མོ་རང་དང་ཐོག་ས་ཁུལ་འདིའི་ཡིག་རྨོངས་སེལ་བའི་དགེ་རྒན་བྱས། རྗེས་སུ་སྡེ་དཔོན་གྱི་རོགས་སྐྱོར་དང་། སློབ་གསོ་སྡེ་ཁག་གི་ས་ཁུལ་སློབ་གསོའི་སྒྲིག་གཞི་བསྐྱར་བསྒྲིགས་བྱེད་པའི་གོ་སྐབས་དང་བསྟུན་ནས། མོ་ཡང་རྫོང་མཁར་འདིའི་སློབ་ཆུང་གི་དགེ་རྒན་ཞིག་ཏུ་གྱུར་བ་རེད།
ཁོ་མོ་དུས་རྒྱུན་དཔེ་ཀློག་བྱེད་པ་དང་རྩོམ་ཡིག་འབྲི་བ། གསར་འགྱུར་དང་ཚགས་པར་ལ་བལྟ་བར་དགའ་བ་མ་ཟད། དེ་དག་གི་ནང་དོན་ལས་གྲོགས་དག་ལ་ལབ་གླེང་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད། མོའི་ལས་གྲོགས་དག་གི་ཁྲོད་དུ་མོའི་བསླབ་གནས་ལ་མཐུང་ཆུང་བྱེད་མཁན་ཧ་ཅང་ཉུང་། ད་དུང་ཁོ་མོས་རང་གི་འཚར་སྡུག་གི་ལང་ཚོར་ཧ་ཅང་དང་དོད་དང་གཅེས་སྤྲས་བཟང་བོ་བྱེད་པ་རེད། ཉིན་རེར་ཐེངས་གསུམ་ལ་གདོང་འཁྲུད་པ་མ་ཟད་དགོང་མོ་ཕྱིར་སྡོད་ཤག་ཏུ་སླེབས་པ་ན་སྐྲ་འཁྲུད་པ་དང་ལུས་ལ་ཁྲུས་བྱེད་པ་རེད། གཞུང་ལས་ཁང་དུ་ཡང་མོའི་རང་གི་གོམས་སྲོལ་དེ་དག་རྒྱུན་འཁྱོངས་བྱེད་པ་ཡིན་པས། མོར་འདྲེས་ཆ་ཆེ་བའི་ལས་གྲོགས་ཚོའི“ཁྱོད་ལ་ལས་ཀ་ལྷག་མ་དག་དག་”ཞེས་ལབ་པར་བྱེད་ན་ཡང་། མོ་དགོད་ཞོར་དུ་ཀུ་རེ་དང་ཀུ་རེ་མ་ཡིན་པའི་ཚུལ་གྱིས་“འཇིག་རྟེན་འདིར་བུད་མེད་སྒྱིད་ལུག་ཡོད་པ་ལས་གཙོག་འདྲེ་གཏད་ནས་མེད་”ཅེས་ལན་སྤྲོད་པ་ཡིན།
དབང་མོ་སྒྲོལ་མ་ལོ་རིམ་གཉིས་པས་དགེ་རྒན་ཡིན། དུས་རྒྱུན་མོས་སློབ་ཁྲིད་བྱེད་པའི་འཛིན་གྲྭར་སློབ་གྲྭའི་ཐུན་མོང་གི་སྦྱང་ཚན་ལས་གཞན། མོ་རང་གི་མ་དངུལ་བཏང་ནས་ཉོས་པའི། བྱིས་པ་ཆུང་ཆུང་ཚོར་སྤྲོ་སྣང་འཕེལ་བ་མ་ཟད། རིག་སྟོབས་སྦྱོང་བར་བྱེད་པའི་རྩེད་མོའི་རྣམ་པ་ཅན་གྱི་བྱ་འགུལ་མང་བོ་ཡོད།
མོས་ད་དུང་སློབ་ཁྲིད་ཀྱི་ཞོར་དུ་བྱིས་པ་ཚོར《རི་བོང་དང་རུས་སྦལ》གཉིས་ལས་གང་མགྱོགས་པ་དང《དུས་ཆེན་གྱི་ལག་སྐྱེས》ཅི་ཞིག་ཡིན་པ《འབར་ཞུན་བཙོངས་བའི་བུ་མོ》ཇི་ལྟར་ཤི་བ་སོགས་ཀྱི་གཏམ་རྒྱུད་བཤད་པ་ཡིན།
དེ་རིང་གི་གཟའ་ཉི་མ་འདིར་ཡང་ཁོ་མོའི་དེའི་སྐོར་ལ་བསམ་གཞིག་བྱེད་བཞིན་ཡོད། མོའི་ཡིད་ལ་རང་གི་འཛིན་གྲྭའི་བྱིས་པ་ཚོའི་དྭངས་གཙང་གི་བྱིས་བློ་རི་མོར་འགོད་བྱེད་ཀྱི་མཚོན་སྨྱུག་དང་ཤོག་དཀར་དག་མེད་པ་ཡིད་ལ་དྲན། རང་གི་སྡོད་ཤག་གི་བྱ་བ་ཙག་ཙིག་དག་སྒྲུབ་ཚར་རྗེས། ལྭ་རིང་ལྗང་སྐྱ་དེ་གོན་པ་དང་གློ་ཁུག་ནག་པོ་དེ་ཁུར་ནས་ཁྲོམ་སྲང་ལ་སོང་།
ལས་བསམ་སར་མི་འགྲོ་བསག་སར་འགྲོ་ཞེས་པའི་དཔེ་ལྟར། མོ་ཚོང་ར་ཉུག་ནས་འཁོ་དངོས་དག་ཉོས་ཚར་དེ་ཕྱིར་རྒྱ་ལམ་ཁར་བུད་པའི་སྐད་ཅིག་མ་དེར། འཕྲུལ་རྟ་ཞིག་སྨྱོས་པ་ལྟར་རྒྱུགས་ཡོང་ནས་མོར་ཐུག་རྒྱག་ལ་ཁད་ཙམ་བྱས་པར། མོ་མྱུར་མོར་ཁ་ཕྱིར་འཁོར་ཀྱང་སྟབས་མ་ལགས་པ་ཞིག་ལ་མོའི་གློ་ཁུག་གི་ལུང་བུ་འཕྲུལ་རྟའི་རྭ་གཡས་བར་འཐོག་ནས་སྡུལ་འཚུབ་བེར་ལམ་འགྲམ་གྱི་ཨར་འདམ་ལས་བཟོས་པས་ཆུ་ཤུར་ནང་དུ་གཡུག
འཕྲུལ་རྟ་ཞོན་མཁན་དེ་ཡང་ཕར་གཡོན་ཚུར་གཡོན་འགའ་བྱས་ནས་མར་ཅུང་ཙམ་སོང་ནས་བསྡད་བྱུང་། དབང་མོ་སྒྲོལ་མ་དྲན་མེད་དུ་བརྒྱལ་བ་དང་མགོ་ཨར་འདམ་གྱི་ཟུར་ཁར་བརྒྱབ་པས་ཁྲག་དམར་འཛར་བཞིན་ཡོད། དེ་ལྟར་དར་ཅིག་གི་རིང་ཅི་ཡིན་འདི་ཡིན་མེད་པར་ལུས། མི་འཚོགས་ངང་གི་འདུས་བ་དང་། ཁོ་ཚོའི་ཤབ་ཤུབ་ཀྱི་ལབ་གླེང་བྱེད་མགོ་བརྩམས། “འདི་རྒྱ་མོ་ཞིག་རེད་” “ འུ་རེད་” “ཁྲིགས་སེ་འདུག ” “ རྒྱག་མཁན་དེར་འགྲིག་མེད་ཁོ་ཐག་ཡིན ” “ དགེ་རྒན་ཞིག་ཡི་ན་ཟོ་དྲག་རྒྱུ་རེད ” དེ་ལྟར་ལབ་གླེང་འདྲ་མིན་བྱེད་བཞིན་པའི་སྐབས། སུའི་བརྡ་བཏང་བ་མ་ཤེས་ཡང་། མྱུར་སྐྱོབ་རླངས་འཁོར་ཐོན། མྱུར་སྐྱོབ་རླངས་འཁོར་གྱི་ནང་དུ་ཁ་ལོ་བ་ལས་གཞན་མི་གཅིག་ལས་མེད། དེ་རིང་གཟའ་འཇུག་ཡིན་པས་མི་གཞན་དག་ལས་ཁུངས་དུ་མེད་ཟེར། ཁ་ལོ་བས་ཁོར་རོགས་བྱས་ནས་དབུགས་ཡོད་མེད་ཙམ་དུ་སྣང་བའི་དབང་མོ་སྒྲོལ་མ་རླངས་འཁོར་དུ་བཞག་རྗེས། མགྱོགས་པོར་རྫོང་སྨན་ཁང་གི་ཕྱོགས་སུ་རྒྱུགས།
སྐབས་དེར་ཕྱི་དྲོའི་གྲིབ་སོ་རིང་དུ་བསིངས་ཡོད་ཀྱང་། སྟོན་འཇུག་གི་གྲང་རླུང་ཤུར་ཤུར་ལྡིང་བཞིན་ཡོད། ལམ་འགྲམ་གྱི་མི་བུ་དག་གིས་རང་རང་གི་ཁུག་མ་དང་འཁོ་དངོས་དག་དམ་པོར་བཟུང་ནས་རང་ཁྱིམ་གྱི་ཕྱོགས་སུ་འགྲོ་བཞིན་ཡོད།
དབང་མོ་སྒྲོལ་མར་འཁོར་དགག་བྱུང་ས་དེ་རུ་མདོག་སྣ་ཚོགས་ཀྱི་ཚོན་སྨྱུག་འགའ་གང་སར་འཐོར་ཡོད་ལ། དཀར་གཙང་གི་ཤོག་དཀར་དག་རྡུལ་འཚུབ་འདྲིས་མའི་གྲང་རླུང་གི་ཕྱོགས་ཕྱོགས་སུ་འཁུར་བཞིན་ཡོད།
网友评论