དཔལ་ཡུལ་དགོན།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཁོངས་སུ་ཡོད་པའི་དཔལ་ཡུལ་དགོན་ནི་རྙིང་མ་བའི་དགོན་པ་ཆེ་ཤོས་ཤིག་ཡིན་ཞིང་། དགོན་པ་འདིར་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་ད་ལྟ་ཁྱོན་བསྡོམས་གྲྭ་པ་ཆིག་སྟོང་ཙམ་ཡོད་པ་རེད། དཔལ་ཡུལ་དགོན་གྱི་ད་ལྟའི་དགོན་བདག་ནི་ལྷ་སྤྲུལ་སྐུ་འཕྲེང་གསུམ་པ་ཨོ་རྒྱན་གར་དབང་ཉི་མ་ཚང་ཡིན་ཞིང་།
དགོན་པར་རྟེན་གཙོ་བོ་དང་ལྷ་ཁང་གཙོ་བོ་འདི་དག་མཆིས་ཏེ། དགོན་པའི་དཀྱིལ་དུ་རྫུ་འཕྲུལ་ལྷ་ཁང་ཡོད་ཅིང་། ལྷ་ཁང་འདིར་རྟེན་གཙོ་བོ་གསུམ་ཡོད་དེ། རྟེན་དེ་དག་ནི་ཇོ་བོའི་སྐུ་དང་། དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་དང་། མཁན་བློ་བཟང་བློ་རྡོ་རྗེ། གདོང་ངེ་མཁན་ཆེན་འཇིགས་མེད་དཀོན་མཆོག་གི་སྐུ་གདུང་གསུམ་བཞུགས། ད་དུང་ཟུར་དུ་དབོན་སྤྲུལ་རྟ་མགྲིན་རྡོ་རྗེའི་སྐུ་གདུང་བཅས་སོ།།
རྫུ་འཕྲུལ་ལྷ་ཁང་གི་གཡས་སུ་ཤྲཱིར་ཨོ་ཏྲི་ཡ་ན་གསབ་འགྲུབ་གསེར་གྱི་ལྷ་ཁང་ཞེས་ཚོགས་ཆེན་འདུ་ཁང་ཆེན་མོ་བོད་ལུགས་ཀྱིས་བསྐྱར་བཞེངས་ལེགས་པར་འགྲུབ་ལ་ཉེ། གཡོན་འགྲམ་དུ་མགོན་ཁང་ཅིག་ཡོད་ཅིང་། དེ་ནི་གསོལ་ཁ་འདོན་ས་ཡིན། དེའི་གོང་དུ་སྒྱུ་འཕྲུལ་ལྷ་ཁང་ཡོད་ཅིང་། དེར་ཞི་ཁྲོའི་ལྷ་ཡོད། སྒྱུ་འཕྲུལ་ལྷ་ཁང་དང་བར་ཐག་མི་རིང་ས་དེར་ཕུར་བའི་ལྷ་ཁང་ཡོད་ཅིང་། ཕུར་བའི་ལྷ་ནི་རྙིང་མ་བའི་ལྷ་ཞིག་ཡིན།
དགོན་པའི་ལྷོ་ནུབ་ཀྱི་མཚམས་སུ་གསེར་གདུང་ཆེན་མོའི་རྣམ་རྒྱལ་མཆོད་རྟེན་ཅིག་བཞེངས་ཀིན་འདུག། དཔལ་ཡུལ་མཆོག་སྤྲུལ་ཆེན་མོ་ནི་རིག་གནས་གསར་བརྗེའི་ཆེན་མོའི་སྔོན་གྱི་དགོན་དེའི་བསྟན་བདག་ཡིན་ཞིང་། རིག་གསར་སྐབས་སུ་དགོན་པ་འདིའི་བླ་མ་གྲྭ་ཚང་ལ་རྡུང་བརྡེག་ཚབས་ཆེན་ཐེབས་པས་ཕྱིས་སུ་ཁོང་ཡང་རིག་གསར་ཁྲོད་སྐུ་གྲོང་པར་བཤད།
དཔལ་ཡུལ་དགོན་གྱི་སློབ་སྦྱོང་གི་བརྒྱུད་རིམ་ནི་འདི་ལྟ་སྟེ། དགོན་པར་ཞུགས་མ་ཐག་ཏུ་དགོན་པའི་སློབ་གྲྭ་ལས་སུམ་རྟགས་དང་སྙན་ངག་ཆོ་ག་ཆོས་སྤྱོད་སོགས་ལ་སློབ་སྦྱོང་ལོ་དྲུག་རིང་བྱ་དགོས་ཤིང་། ད་ལྟ་སློབ་གྲྭ་རུ་སློབ་མ་ཉིས་བརྒྱ་དང་ལྔ་ཅུ་ལྷག་ཡོད།
སློབ་གྲྭ་ནས་མཐར་ཕྱིན་རྗེས་བཤད་གྲྭར་སློབ་གནས་འཕར་བ་ཡིན་ཏེ། བཤད་གྲྭ་རུ་ལོ་གཅིག་ལ་བསྡུས་གྲྭ་དང་བསྡུས་ཆེན་ལ་སློབ་སྦྱོང་བྱ་དགོས་པ་དང་། དེ་རྗེས་ཚད་མ་ལོ་གཉིས་དང་། དབུ་མ་ལོ་གཉིས། མངོན་པ་མཛོད་ལོ་གཅིག ཕར་ཕྱིན་ལོ་གཅིག འདུལ་བ་ལོ་གཅིག རྒྱུད་སྡེ་ལོ་གཉིས་བཅས་རིམ་པ་བཞིན་ཁྱོན་བསྡོམས་ལོ་བཅུ་གཉིས་ཙམ་ལ་བཤད་གྲྭ་རུ་སློབ་གནས་འཕར་ཏེ་སློབ་སྦྱོང་བྱ་དགོས།
བཤད་གྲྭ་ལས་མཐར་ཕྱིན་རྗེས་རང་ཉིད་ཀྱི་མོས་པ་ལྟར་མཚམས་གྲྭ་དང་སྒྲུབ་གྲྭ་རུ་ཞུགས་ཆོག་པ་ཡིན་ཏེ། དེའང་མཚམས་གྲྭ་ནི་གཙོ་བོ་སྒྲུབ་པ་ཉམས་ལེན་བྱེད་ས་སྟེ། ཆོས་ཀྱི་ནང་དོན་སྒོམ་པ་དང་བསམ་གཏན་ལ་གནས་པ་དེ་འདྲ་ཞིག་ཡིན་ཞིང་། སྒྲུབ་གྲྭ་ནི་ཆོ་ག་གང་ཞིག་ལ་བརྟེན་ནས་བརྙེན་སྒྲུབ་ལ་བརྩོན་པ་དེ་འདྲ་ཞིག་ཡིན་ཏེ། དེའང་གཙོ་བོ་རྡོ་རྗེའི་སེམས་དཔའི་ཆོ་ག་བསྒྲུབ་པ་ཡིན། མཚམས་གྲྭ་དང་སྒྲུབ་གྲྭ་ལས་མཐར་ཕྱིན་ཚེ་མཁན་པོའི་མཚན་ཐོབ་པ་ཡིན།
བླ་མའི་མཚན་ཐོབ་པར་མཁན་པོ་དང་གཅིག་པ་མ་ཡིན་པའི་བགྲོད་ལམ་མམ་སྦྱངས་བྱ་ཡོད་དེ། སྤྱིར་བཏང་བླ་མའི་མཚན་ཐོབ་པར་སྔོན་འགྲོ་ལོ་གཅིག་དང་རྩ་རླུང་ལོ་གཅིག རྫོགས་ཆེན་ལོ་གཅིག་བཅས་ཁྱོན་བསྡོམས་ལོ་གསུམ་དང་དེ་རྗེས་སྐུ་གསུམ་ལོ་གསུམ་ལ་བསྒྲུབ་པ། སྒྲུབ་གྲྭ་ལོ་གསུམ་དང་། མཚམས་གྲྭ་རུ་ལོ་གསུམ་ལ་སློབ་སྦྱོང་བྱེད་པ་བཅས་ཁྱོན་བསྡོམས་ལོ་བཅུ་གཉིས་འགོར་བ་རེད།
རྙིང་མ་དང་དགེ་ལུགས་པའི་ཡི་དམ་མི་གཅིག་སྟེ། རྙིང་མ་བར་བཀའ་སྒོང་ཕུར་གསུམ་དང་དགེ་ལུགས་པར་བདེ་མཆོག་བདེ་གསང་འཇིགས་གསུམ་བཅས་ཡོད་པ་རེད།
རྙིང་མ་བའི་དགོན་པར་མངའ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་ཕལ་ཆེར་འདུལ་བའི་འཛིན་གྲྭ་ཙམ་དུ་ཐོན་པའི་དུས་ནས་ཆོས་རར་ཚད་མ་རྩོད་པར་འགྲོ་མི་དགོས་པ་དང་སློབ་སྦྱོང་གི་གོ་རིམ་ཁྲོད་སྒོམ་སྒྲུབ་དང་སློབ་སྦྱོང་གཉིས་ཟུང་འབྲེལ་བྱེད་པ་དེའོ།།
༢༠༡༨ལོའི་ཟླ་༧ལོའི་ཚེས་༧ཉིན།
网友评论