ལི་སྨད་སློབ་ཆུང་གི་སློབ་མའི་རྩོམ་འགའ།
སློབ་ཆུང་སློབ་མ་འགའ་ཞིག་གི་སེམས་སྟོབས། .2017-05-02 ཉི་གཞོན། 雪域之梦杂志
ཁོར་ཡུག་སྲུང་སྐྱོབ།
༦་༣ ལྷུན་རྩལ་སྐྱིད།
མཁའ་དབུགས་དྭངས་ཤིང་གཙང་ལ་ལུས་ཕུང་གི་འཕྲོད་བསྟེན་བཟང་སའི་མདོ་དབུས་མཐོ་སྒང་ནི་གནའ་སྔ་མོའི་མེས་པོ་ཚོས་དཀའ་བ་ཁྱད་དུ་བསད་ནས་སྲུང་སྐྱོབ་དང་བདག་གཉེར་གང་མང་བྱས་མཐར་ང་ཚོའི་ལག་ཏུ་སྤྲད་པའི་ཤུལ་བཞག་གི་སྙིང་ནོར་རྩ་ཆེན་ཞིག་རེད།
ས་སྟེང་གི་ནགས་ཚལ་བཅད་པའམ་རི་སྐྱེས་ཀྱི་སྲོག་ཆགས་གསོད་པ་དང་། ས་འོག་གི་གཏེར་ཁ་བསློགས་ནས་ཁྱེར་སོང་ན། ས་གཞི་འདི་ནི་རྣམ་ཤེས་མེད་པའི་བེམ་པོ་ཞིག་དང་ཀུན་ནས་མཚུངས།
ང་ཚོས་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་ན། ས་འགུལ་དང་ཆུ་ལོག་བྱུང་བ་སོགས་གནོད་འཚེ་ཚབས་ཆེན་འབྱུང་ངེས། ད་དུང་ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲ་མ་བྱས་པས་བོད་མི་རིགས་རྗེས་ལུས་ཡིན་པ་འདིས་ཀྱང་གསལ་བཤད་བྱས་ཟིན་པ་རེད།
དེའི་ཕྱིར་། ང་ཚོས་ཁོར་ཡུག་དང་ས་གཞི་ལ་ཨ་མ་ལྟ་བུའི་འདུ་ཤེས་ཤིག་བཟུང་ནས་སྲུང་སྐྱོབ་ལེགས་པོ་བྱེད་དགོས།
བརྩེ་བའི་སེམས་ཀྱི་སློབ་གྲོགས་ཚོར་ཕུལ་བའི་སྙིང་གཏམ།
༦་༣ ཀུན་དགའ་དབང་མོ།
བརྩེ་བའི་སེམས་ཀྱི་སྙིང་གཏམ་ཞུ་སའི་གནས་མ་ཡུམ་སློབ་གྲྭའི་གླིང་ག་རུ་གནས་པའི་ཤེས་ལྡན་སློབ་བུ་རྣམ་པ། ང་ཚོས་ཕྱིར་དྲན་སེམས་ཀྱི་འཁོར་ཕྱོགས་རེ་ལ་བསམ་བློ་གཏོང་བཞིན་མ་འོངས་གངས་རིའི་འོད་གསལ་མདུན་ལམ་མངོན་འགྱུར་འབྱུང་ཆེད། འབད་བརྩོན་གྱི་སྟོབས་ཤུགས་དེ་དུག་གསུམ་གྱི་དབང་དུ་འགྱུར་མི་རུང་ལ། མཐུན་སྒྲིལ་གྱི་གསེར་ཟམ་ལ་འཁོར་གསུམ་གྱི་མཚོན་ཆས་གཞུས་མི་རུང་།
དེ་ལས་ཀྱང་དུས་གཏན་དུ་བརྗེད་མི་རུང་བ་ནི། ཆོས་རྗེ་ཡིད་བཞིན་ནོར་བུས་གསུངས་པ་ལྟར། རང་རེའི་སྤྱི་ཚོགས་ནང་དུ་སྐྱེས་ནས་མ་ཤིའི་བར་མེད་དུ་མི་རུང་བ་ནི་ཟོལ་མེད་དྲང་བདེན་གྱི་བསམ་པ་འདི་རེད། རང་སེམས་ལ་ཞུ་དག་ཕེར་བའི་བསམ་པ་ཟོལ་མེད་ཅིག་གིས་བྱ་བ་གང་ཞིག་བསྒྲུབ་ཀྱང་ཕལ་མོ་ཆེ་ཞིག་ཡིད་བཞིན་དུ་འགྲུབ་པ་མངོན་སུམ་རེད་ལ། གལ་ཏེ་མ་འགྲུབ་ཀྱང་འགྱོད་པ་ཅི་ཡང་མི་ཡོང་། གཞན་དུ་རང་བདེ་འདོད་དང་གཞན་བསླུ་འདོད་ཀྱི་གཡོ་སྒྱུ་ཁོ་ན་བྱས་ཚེ་འགྲོ་བ་མིའི་རིགས་ལ་བསམ་གཞིགས་གཏན་ནས་བྱེད་མི་ཤེས་མཁན་ཞིག་མི་སྲིད་པས་ཡང་ནས་ཡང་དུ་མགོ་སྐོར་གཏོང་ཐུབ་དཀའ་བས་རང་གི་ཞེ་འདོད་མི་འགྲུབ་པར་མ་ཟད་མཐར་རང་ཉིད་ཕོངས་པའི་རྒྱུར་ཡང་འགྱུར་རོ། ཞེས་པ་ལྟར་ང་ཚོ་གཡོ་མེད་དྲང་བདེན་གྱིས་མདུན་དུ་བསྐྱོད་དང་། མ་འོངས་ལོ་ཟླའི་ཁྲོད་ན་ཞི་བདེ་ཡི་དར་ཆ་ཞིག་གིས་ང་ཚོ་ལ་སྒུག་ནས་སྡོད་བཞིན་མཆིས།
མདུན་ཕྱོགས་ན་ང་ཚོའི་ཡབ་མེས་བཟང་པོ་ཚོའི་ཤུལ་བཞག་གི་སྙིང་ནོར་མོད་ཅིང་། ཚན་རིག་ཤེས་བྱའི་ཆར་རྒྱུན་ཀྱང་མོད་པས། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་དེ་ཁྱོད་ལ་དབང་ངེས། ཞེས་པ་ལྟར་དགའ་ལྡན་ཁྲི་ཡི་བདག་པོ་བྱེད་པར་འཚལ།
ངའི་སེམས་ཁོང་ན་ཡལ་ཐབས་མེད་ཅིང་གསུབ་རྒྱུ་མེད་པའི་ཁྱེད།༦-༣ ཀུན་བྱེད་སྒྲོན།
བྱམས་དང་བརྩེ་བས་ང་དང་ཁྱོད་ཚོར་རྙེད་པར་དཀའ་བའི་མི་ལུས་རིན་ཆེན་གངས་དཀར་གྱི་ལྗོངས་འདིར་ཐོབ་ཏུ་བཅུགས་ཤིང་། འདྲེན་པར་དཀའ་བའི་ལམ་སྣ་འདི་རུ་དྲངས་ནས་ང་ཚོར་བདེ་སྐྱིད་
ཀྱི་འཚོ་བ་རོལ་ཏུ་བཅུགས།
དེ་རིང་ངས་དྲན་པ་ཕྱི་རུ་ངོམ་ནས་སྨྱུག་རྩེ་འདིར་ཐོན་དུས། ངའི་སེམས་ཁོང་ན་ཡལ་ཐབས་མེད་ཅིང་གསུབ་རྒྱུ་མེད་པ་ནི་ཁྱེད་ཀྱི་རྔུལ་ཁྲག་ལས་ང་རང་བསྐྱངས་བའི་བཀའ་དྲིན་དང་ང་རང་ལ་འདི་ལྟ་བུའི་མི་ལུས་རིན་ཆེན་ཞིག་གནངས་བ་དེ་ཡིན་ལ། ཡང་ན་ཡུལ་གྲུ་གང་དུ་སོང་ཡང་བརྗེད་མེད་ཀྱི་ཕྱིར་མིག་འདི་ཁྱེད་ལ་བགྲད་ཅིང་ཁྱེད་ལ་ཕྱོགས་ཡོད་པ་དེ་ཡིན་སྲིད། ང་རང་གང་དུ་སོང་ཡང་གསོལ་འདེབས་ཀྱི་སྨོན་ལམ་བྱེད་ས་དང་མཇལ་འདོད་ཀྱི་རེ་སྒུག་སོགས་ནམ་ཡང་ཁྱེད་ཕྱོགས་ན་ཡོད།
ཨ་མ་ལགས། བྱམས་ལྡན་གྱི་བདག་མོ། ངའི་མི་ཡུལ་འདིའི་སྐྱབས་མགོན། མདོར་ན་ངའི་ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ཀྱི་ཕྱོགས་སུ་ཆས་ཡོད་ལ། ངས་ཉིན་མཚན་དབྱེར་མེད་དུ་ཁྱེད་རང་དྲན་བཞིན་མཆིས། གྲོགས་མཆོག་ཚོ། ང་ཚོས་དྲིན་མ་ལོར་བརྗེད་མེད་ཀྱི་དྲིན་ལན་འཇལ་དགོས་ལ། ང་ཚོ་ལ་འདི་ལྟ་བུའི་མི་ལུས་རིན་པོ་ཆེ་གནངས་བ་བརྗེད་ག་ལ་རུང་།
ཨ་མ་ལགས། ངའི་མི་ཚེ་ཡི་ཚེ་སྲོག་ཡིན།
དཔྱིད་དཔལ་གྱི་ལང་ཚོ།
༦-༡ སྟོབས་རྒྱལ།
སྔོ་ལྗང་མྱུ་གུ་གསར་བས་ས་གཤིན་བརྟོལ།།
རྩྭ་ལྗང་ལོ་འདབ་མ་ལུས་རྣམ་པར་བཀྲ།
དྲོད་འཇམ་ཉི་འོད་མདངས་ཀྱིས་རབ་གསལ་བ།།
ངོ་མཚར་དཔྱིད་ཀྱི་དུས་ཚིགས་འདི་རུ་ཤར།།
རབ་དཀར་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་ལ།།
རབ་མཛེས་དཔྱིད་ཀྱི་དུས་ཚིགས་ཤར་དུས་སུ།།
རབ་སྙན་གཞན་གསོས་བུ་མོའི་གྲེ་འགྱུར་ལས།།
རབ་འཇམ་ནེའུ་གསིང་སྔོན་མོར་ལྗང་མྱུག་འབུས།།
སྔོ་ལྗང་ནགས་ཚལ་སྟུག་པོའི་གཡས་གཡོན་དུ།།
འདབ་ལྡན་ནམ་མཁའི་རྟ་ཡིས་སྐད་སྙན་སྒྲོག།
མུ་མེད་གཡུ་ཡི་གཞོང་བའི་ཐང་ཆེན་ལ།།
བེའུ་ཆུང་སྐྱིད་པའི་གར་ལ་བར་མེད་རྩེན།།
ཀྱེ་མ་ངོ་མཚར་ཅན་གྱི་དུས་ཚིགས་འདི།།
མི་བུར་དཔལ་ཡོན་རྒྱས་པའི་ཟླ་བ་སྟེ།།
མཐོང་སྣང་ལྷ་ཡུལ་ཁམས་དང་དབྱེར་མེད་པའི་།།
རྫོགས་ལྡན་དཔྱིད་ཀྱི་དུས་ཚིགས་རྨད་དུ་བྱུང་།།
ཕུགས་འདུན།
༦-༣ བསོད་ནམས་ཡེ་གྲོལ།
སྐྱོ་ལྷང་ལྷང་གི་འཇིག་རྟེན་ནས། གཉོམ་ཆུང་ཆུང་གི་མི་ཚེ་འདིར་ངས་མ་འོངས་པར་འོད་སྣང་བསྐྲུན་ན་འདོད། འུར་ཟིང་ཟིང་གི་མི་ཡུལ་ནས་ཁེར་རྐྱང་གི་མི་ཚེ་འདིར་ངས་མ་འོངས་པར་འོད་སྣང་བསྐྲུན་ན་འདོད་། ཡར་བལྟས་ཀྱི་ཨ་སྔོན་སྟོང་བ་རེད། མར་བལྟས་ཀྱི་མི་ཚོགས་ལང་ལོང་རེད།
ངའི་གཉོམ་ཆུང་གི་མི་ལུས་འདི་དུས་ནམ་ཡང་ཁེར་རྐྱང་དང་ཉམས་ཆུང་ཡིན། འོན་ཀྱང་། ངས་འདི་ལྟར་རྗེས་ལུས་ཀྱི་རྣམ་པ་མི་འཛིན་པར་དཔའ་རྟགས་ཀྱི་རྡོ་རིང་གླེང་ཕྱིར་ཤེས་རིག་གི་ལམ་བཟང་རྒྱང་རིང་དུ་བཅད་ནས། མེས་པོ་ཚོའི་གཟི་བརྗིད་གཞན་གྱི་རྐང་འོག་ཏུ་མི་འཇོག་པར་མཐོ་རུ་བསྒྲེང་ངེས། ཨ་མ་ལགས་བུ་ལ་ཡིད་ཆེས་བྱོས་དང་བདག་གི་མ་འོངས་པར་ཤེས་ཚོར་རྣོ་བའི་ཤེས་རིག་གི་འོད་སྣང་བསྐྲུན་ཏེ། མི་རིགས་ཀྱི་གདུང་འདེགས་ཀྱི་ཀ་བ་དང་མ་འོངས་པའི་མེས་རྒྱལ་གྱི་བདག་པོ་བྱེད་ན་འདོད། མདོར་ན་ཁྱེད་ཀྱིས་བདག་ལ་གནངས་བའི་མི་ལུས་རིན་ཆེན་གྱི་རིན་ཐང་བཙལ་ཏེ་མི་ཚེ་ལ་གཟི་འོད་འབར་དུ་འཇུག་རྒྱུ་ནི་ཕྲན་ཆུང་བདག་གི་མི་ཚེའི་ཕུགས་འདུན་ཉག་གཅིག་ཡིན།
བཀའ་དྲིན་ཅན་གྱི་དགེ་རྒན།༥.༢ གུ་རུ་རྡོ་རྗེ།
དཀར་ནག་བདེན་རྫུན་དབྱེ་བའི་མཛུབ་ཁྲིད་མཁན།།
དོན་དམ་བདེ་ལ་འགོད་པའི་དཔའ་བོ་ཆེ།།
ལུང་དང་མན་ངག་ཕྱོགས་ལ་ཐབས་མཁས་པའི།།
རྣལ་བུ་བདག་དང་མ་མཚུངས་བློ་ལས་ཡར།།
ཀུན་སློང་རྣམ་པར་དག་པའི་སེམས་རྒྱ་ཡངས།།
སྤྱོད་པ་འཚེ་བ་མེད་པར་གོང་དུ་མཆོག །
གཞན་ལ་ཆོས་ཀྱི་རྫོགས་ཚིག་འགོད་མཁས་པ།།
ཕལ་བའི་གང་ཟག་ཅིག་དང་བསྡུར་ནུས་སུ།།
ཤེས་བྱའི་དགའ་ཚལ་ཕྱུག་མོའི་སློབ་གླིང་འདིར།།
ལྷག་བསམ་རྣམ་དག་ཅན་གྱི་བཤེས་གཉེན་གྱིས།།
མུན་པའི་མགོ་བོ་འཐོམས་པའི་སློབ་བུ་འགར།།
རིན་ཆེན་གསེར་དང་མཚུངས་པའི་ཤེས་ཡོན་བསྩལ།།
སློབ་ཆུང་སློབ་མ་འགའ་ཞིག་གི་སེམས་སྟོབས། .
网友评论