ཨ་རིག་གླེན་པ།
རང་ཉིད་རང་གི་མགོན་ཡིན།
སྤྱི་ཚོགས་ཧྲིལ་བོའི་ཁོངས་མི་ཀུན་གྱི་འགྲོ་ལུགས་འདུག་སྟངས་དང་བསམ་ཚུལ་དྲན་ཚུལ་ཐམས་ཅད་རྫ་ཀོང་གཅིག་ནས་བླངས་པ་ལྟར་བསམ་བློ་གཅིག་གི་ནང་དུ་སྡུད་པའམ། འདུ་ཤེས་སྣ་གཅིག་གིས་བདག་གིར་བྱས་ནས་མི་གཏོང་བའི་བསམ་སྤྱོད་སྐྱུག་བྲོ་བོ་དེ་ལ་བསམ་བློ་སྒེར་གཅོད་ཟེར། དེས་ན་ད་ལྟའི་མིའི་ལད་མོ་སྤྲེའུས་བྱེད་པ་བཞིན་གཞན་གྱི་ལད་མོ་ཅི་རིགས་གང་རིགས་བྱེད་པ་ཙམ་ལས། རང་གིས་དད་ཡུལ་དེ་ཉིད་གང་ཡིན་ཅི་ལས་བྱུང་སོགས་རྩ་བ་ནས་མ་ཤེས་པར་གྲགས་པའི་རྗེས་སུ་ཞུགས་ནས་བླ་གྲ་གོས་དམར་སེར་གྱོན་པ་རྣམས་གོང་དུ་བཀུར་པ་དང་། གུས་གུས་ཞུམ་ཞུམ་བྱེད་པ་སོགས་ནི་དམར་སེར་གྱོན་པའི་སྒེར་གཅོད་ཡིན་ནམ། ཡང་ན་གནས་ལུགས་དང་རྒྱུ་མཚན་མ་རྟོགས་པའི་དད་པ"རྨོངས་དད"ཟེར་བ་ལ་ཤུགས་ཆེ་སོང་།
ཞིང་འབྲོག་མང་ཚོགས་རྣམས་ལ་རིག་གནས་ཀྱི་རྨང་གཞི་མེད་རྐྱེན། ནང་པའི་ཆོས་སམ་ཤེས་རབ་ངོ་མ་དེ་རྩ་བ་ནས་ཤེས་ཀྱི་ཡོད་པ་མ་རེད། ད་ལྟའི་དད་པ་བྱེད་ཚུལ་འདི་ནི་མི་རབས་སྔ་མས་བརྒྱུད་པའི་ལམ་དང་། བླ་མ་སེར་མོ་བས་སྲིད་བཟུང་ནས་གོང་བཀུར་ལུགས་སྲོལ་སྲ་བརྟན་ཆགས་པ་ལས་དར་བ་ཡིན། དེའང་གསར་བར་བརྗོད་ན་བླ་མ་སེར་མོ་བས་སྲིད་བཟུང་ནས་དམག་འཁྲུག་བྱེད་པའམ་བསྟན་པའི་རྒྱུད་བཟུང་བ་ཞིག་ལ་ཟེར། སྐབས་བབ་ཀྱི་བསྟན་པ"སངས་རྒྱས་ཆོས་ལུགས"ཟེར་བ་འདིའང་སྐུ་ཞབས་སེང་རྡོར་གྱིས་གསུངས་པ་བཞིན་དུ་བདག་པོ་མེད་པའི་བརྩམས་ཆོས་ཅིག་དང་ཁུངས་ངོ་མ་བོ་མཐར་གཏུགས་ན'རྨི་ལམ'ཞིག་ལ་ཐུག་ཡོད་དམ། དེའི་ཐད་འུ་ཅག་ཚང་མས་ཤེས་གསལ་ལྟར། ལོ་རྒྱུས་ཀྱི་སློབ་དེབ་ཀློག་སྐབས་མི་སྒེར་སུ་ཡིན་ཡང་ལོ་རྒྱུས་ཀྱི་མིག་ཤེལ་གྱོན་ནས་ལོ་རྒྱུས་ཀློག་དགོས་ལས། ཆོས་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པ་ཡིན་ཞེས་ཐག་ཆོད་རང་བཞིན་ཞིག་སུས་ཀྱང་བརྗོད་དཀའ་སྙམ། དེའི་ཕྱིར་དེ་ལའང་རྟོག་བཟོ་དང་སྒེར་སེམས། ཆགས་སྡང་སོགས་དྲི་མ་ཅན་གྱི་མིག་ཤེལ་མདོག་འགྱུར་མ་དག་ཡོད་ངེས། དེ་མིན་སྐུ་ཞབས་སེང་རྡོར་གྱིས་གསུངས་པ་བཞིན"ཁོ་པ་ཚོས་སངས་རྒྱས་ཀྱི་ཀློག་པ་པོ་བྱས་ཏེ་བཀླགས་མཆན་བཀོད་ཆོག་ན་ང་ཚོས་ཅི་ལ་མི་ཆོག ཁོ་པ་ཚོས་སོ་སོའི་འདུ་ཤེས་དང་ཚོར་བ་དང་རིགས་པ་སོགས་བརྒྱུད་དེ“སངས་རྒྱས་ཀྱིས་འདི་འདྲ་མ་ཞིག་གསུངས་ཡོད་པར་འདོད”ཅེས་འགྲེལ་བ་སྣ་ཚོགས་བྱས་ཆོག་ན་ང་ཚོས་ཅི་ལ་མི་ཆོག"ཟེར་བ་བཞིན་ང་ཚོས་སྐད་འཁྱེར་པ་མང་པོས་ལབ་པའི་འགྲེལ་བའམ“ཡིན་ཤས་ཆེ”དང“དེ་འདྲ་ཞིག་མིན་འགྲོ”སོགས་ལ་མིག་ནག་བཙིམ་དགོས་དོན་ཡོད་དམ། དེ་མིན་ང་ཚོས་ཀྱང་བསླབ་ཟིན་པའི་བཀའ་ལ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན་གསུམ་ཡོད་ཟེར་ལས་གསུམ་པ་རྗེས་སུ་གནད་བའི་བཀའ། ༼ བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་གསུང་རྣམས་ཀྱི་ཐོག་མར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ལ་སོགས་པའི་མཚམས་སྦྱོར་གྱི་ཚིག་རྣམས་བསྡུས་ལ་བཅུག་པ། ༽ འོ་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་རྐྱེན། བློ་ནས་བློ་ལ་བསྡུས་པ་ཙམ་ཞིག་ལ་ཆད་ལྷག་ཅུང་ཟད་མེད་པ་ཞིག་ཡོད་དམ།
སངས་རྒྱས་ཆོས་ལུགས་འདི་གཞན་ལས་ཁྱད་དུ་འཕགས་པའི་མཚོན་རྟགས་ཏེ། རང་ཉིད་ནི་རང་གི་མགོན་པོ་དང་། སྐྱོབ་པ་པོ་ཉག་གཅིག་ཡིན་པའི་རྩ་བ་རྩ་དོན་དང་། སྐྱོབ་པའི་ཐབས་ཡང་དག་པ་ནི་དམ་པའི་ཆོས་ཚུལ་བཞིན་བྱེད་པ་སྟེ། ལས་དཀར་ནག་གཉིས་ཀྱི་རྒྱུ་འབྲས་ཀྱི་གནས་ལུགས་སམ། ཆོས་ཉིད་ཀྱི་བདེན་པ་གཙིགས་སུ་བཟུང་ཞིང་། དེ་ཉིད་ལམ་སྟོན་ཁོ་ནར་འཛིན་དགོས་པར་མ་ཟད་མི་གཤིས་ཡག་པོ་ཞིག་སྐྱེད་སྲིང་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་རེད་སྙམ། དེའི་ཐད《རྟུལ་ཕོད》ལས“སྟོན་པའི་དགོངས་པ་ཡིན་པའི་བཀའ་སོགས་མེད་པའི་ཕན་དུ་སངས་རྒྱས་ཆོས་ལུགས་ལ་རིན་ཐང་ཏིལ་ཙམ་མེད་ཟེར་པའང་མིན་ཏེ། རྩོམ་རིག་རིན་ཐང་དང་། སྒྱུ་རྩལ་རིན་ཐང་སོགས་ཚང་པའི་ཞར་ལ། ལན་རེར་སེམས་ངལ་གསོ་པའི་ནུས་པ་ཞིག་ཀྱང་ཡོད་ལས་ཆེ།"ཟེར་བ་བཞིན་ཐབས་མེད་སྡུག་ལ་འཕྲད་དུས་སེམས་གསོ་བྱེད་ཀྱི་གསོ་བ་རིག་པའི་བསྟན་བཅོས་ཅིག་ཡིན་ཆོག་ཆོག་རེད།
དེ་ཡི་ཕྱིར་ན་ཅི་འདྲ་ཞིག་ལ་རང་ཉིད་རང་གི་མགོན་དུ་བརྗོད་ཞེ་ན། རང་ཉིད་གཉོམ་ལག་དང་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་ཡོད་ཚད་ཕ་མས་གནང་ཟིན་པས། ད་ནི་བྱ་བ་ཅི་ཞིག་ཡིན་ཡང་རང་གིས་རང་ལ་གོང་བཀུར་དང་གདོང་ལེན་ཐུབ་དགོས་པའི་དུས་ལ་བབ། བཟོད་བསྲན་དང་སྙིང་སྟོབས་ཡོད་པའི་སྒོ་ནས་རང་ཁ་རང་གསོའི་འཇོན་ནུས་ལྡན་དགོས་པ་ལས། ལེ་ལོ་དང་ཕྱི་བཤོལ་གྱི་ངང་ནས་ནམ་ཡིན་ཡང་ཕྱིར་འཁོར་ནས་ཕ་མ་དང་ཤ་ཉེ་འབྲེལ་ཚོའི་སྔུན་ལ་ལག་ཟུང་བཟེད་རྒྱུ་མ་ཟད། སྟོང་བསམ་རུམ་ལ་མི་ཤོང་བ་ཞིག་བཅང་ནས་ཡོད་ཚད་སྐྱབས་མགོན་མཁྱེན། ལྷ་བླ་མས་ང་ལ་དངོས་གྲུབ་བརྩོལ་ངེས་ཞེས། སྦལ་པ་ན་སྐོང་ནང་ནས་བསྡད་ཀྱང་བསམ་པ་གླིང་དཀར་སྟོད་ལྟར། ཉིན་རེ་ནས་ཉིན་རེ་སྒྱིད་ལུག་དང་ཧམ་སེམས་ཀྱི་དུས་ཚོད་སྐར་ཆ་རེ་ཆུད་གཟོན་དུ་བཏང་ཕྱིར། ཤཱཀྱ་ཐུབ་པ་ལ་མཐུ་སྟོབས་བརྒྱད་སྟོང་མ་ཡོད་ཀྱང་བ་གླང་གིས་ཆུ་འཐུང་མི་འདོད་ན་དབུ་ནས་མནན་པར་ཅི་ཕན།
དེ་མིན་སེན་རྩ་ཁྲག་དང་ཁྲག་རྩ་རྣག་གིས་འུ་ཅག་གི་ཆེད་དུ་རྔུལ་ཆུ་ཁྲག་ལ་བརྗེས་པའི་དྲིན་ཆེན་དེ་ཚོའི་སླད་དུ། ད་ནི་ཅི་ནུས་ཀྱང་རང་རང་ཚོའི་ལུས་ཟུངས་ན་འཁོར་སྐྱོད་བྱས་དང་བྱེད་མུས་སུ་ཡོད་པའི་རང་སྟོབས་ཀྱིས་ནུས་པ་སྔོག་འདོན་བྱ་རན་འདུག་པ་མ་ཟད། རང་གིས་རང་ལ་བདག་ཡག་པོ་ཞིག་རྒྱག་ཐུབ་དགོས་པའི་དུས་ལ་བབས་སོང་བ་རེད།
ཁྱེད་ཀྱི་ཆེད་དུ་ངས་བརྩེ་དུང་ལ་ཨུ་ཚུགས་བྱེད་འདོད།
ངའི་སེམས་དྲུག་གི་བདག་མོ་རུ་གྱུར་པའི་ཡིད་འཕྲོག་ལྷ་མོ་སྟེ། ཟླ་བའི་དབང་མོ་ལགས། ངའི་བརྩེ་དུང་གི་མགོ་རྩོམ་ཡུལ་ཁྱོད་རང་ཡིན་ལ་འདས་དོན་མང་བོ་ཞིག་བརྗོད་བྱ་བྱས་ནས་སྙན་ངག་མང་པོ་ཞིག་ཁྱེད་ཀྱི་ཆེད་དུ་བྲིས་མྱོང་པས། ང་ཁྱོད་ལ་དགའ་བ་དང་དུང་བ་ནི་གཙང་མ་ཞིག་ཡིན་པར་མཚོན་ཡོད་པ་མ་ཟད་ངའི་རེ་སྨོན་གྱི་འབོད་སྐད་ཀྱང་ཁྱོད་ཀྱི་སར་ནས་མཇུག་བསྡུ་འདོད། རྒྱུ་མཚན་དེའི་དབང་གིས་མི་མངོན་པའི་ཚོགས་ན་ནོར་བུ་བཞིན་གཏན་དུ་གནས་པའི་འདོད་ལྷ་དགའ་མའི་བདག་པོ་ལགས། ངའི་དྭངས་ཤིང་གཙང་བའི་ཐོག་མའི་བརྩེ་དུང་གི་བདག་མོར་གྲིབ་ནག་མི་གཡོགས་རོགས།
ཤེས་གསལ་ལྟར་ཁྱེད་ལ་མཁོ་བ་ནི་ཡག་བཙོག་མིན་ལ། ང་ལ་ཡོད་པ་ནི་རྒྱུ་འབྱོར་མངའ་ཐང་དེ་བས་ཀྱང་ག་ནས་ཡིན། ངེད་གཉིས་ལ་མཁོ་བ་ནི་ཆེས་སྤྱིར་བཏང་གི་ཁྱོད་དགའ་ང་མཐུན་གྱི་སླད་མེད་བརྩེ་འདང་ཞིག་ལས་བརྩེ་དུང་ལ་ཨུ་ཚུགས་མ་བྱས་ན་རིན་ཐང་མི་འདུག དེའི་རྐྱེན་གྱིས་ངའི་མི་ཚེ་དུས་ཚོད་ཀྱི་གཉེར་མས་གཡོགས་འགྲོ་བར་བསམ་ནའང་ང་ལ་འགྱོད་པ་གཏན་ནས་མེད། ཁྱེད་ཀྱི་ཆེད་དུ། ཡང་ན་ངའི་མི་ཚེའི་རེ་སྙེག་གི་ཆེད་དུ། ངས་བརྩེ་དུང་ལ་ཨུ་ཚུགས་མཐར་སྐྱེལ་བྱེད་ངེས།
སྙིང་ཉེ་ལགས། འདས་དོན་མང་པོ་ཅིག་ད་ལྟ་ཁྱེད་ཀྱིས་དྲན་ནམ། བསྐྱར་ཟློས་ཀྱི་ལོ་ཟླའི་ནང་ང་རང་སློབ་གྲྭ་འགྲོ་བར་སྟ་གོན་བྱེད་ཐེངས་རེ། ཁྱེད་ཀྱི་ཡིད་སེམས་ཐམས་ཅད་བློང་བློང་བོར་གྱུར་ལ། དོན་ལྔ་སྣོད་དྲུག་གི་རྩ་རྒྱུད་རེ་རེ་དབྱུངས་ནས་བུད་སོང་བ་དང་འདྲ་བའི་མྱོང་ཚོར་དག་ཡོད་ཀྱང་།ང་རང་སྡོད་སའི་རླངས་འཁོར་དེ་གཟུང་ཐག་ཆད་པའི་ཤོག་བྱ་ཞིག་དང་མཚུངས་པར། རྒྱང་རིང་ནས་རྒྱང་རིང་དུ་ཕྱིན་འགྲོ། དེ་དུས་ངས་ད་གཟོད། རང་ཉིད་ནི་འཇིག་རྟེན་འདིའི་གྲུ་ཟུར་གང་རུང་ཞིག་ཏུ་ཅི་ཞིག་ལ་འཚོལ་སྙེག་བྱེད་བཞིན་པའི་ཁེར་རྐྱང་གི་མི་བུ་འཁྱམ་པོ་ཅིག་ཡིན་པ་གཞི་ནས་ཚོར།
ནམ་ཞིག་གི་དུས་ན། ང་རང་འཆི་སྲིད་ཀྱང་། ངའི་སྙན་ངག་དག་མི་འཆི་བར་གནས་པ་ང་ལ་ཡིད་ཆེས་ཡོད། ངའི་རྣམ་ཤེས་ཀྱིས་བྲིས་ཟིན་པའི་སྙན་ངག་དག་གི་ནང་ན་ཁྱེད་ཀྱི་གྲིབ་གཟུགས་དང་འཛུམ་མདངས་དག་ཡོད་ལ། ཁྱེད་ཀྱི་ཆེད་དུ་ངས་བརྩེ་དུང་ལ་ཨུ་ཚུགས་བྱེད་འདོད་པའི་རེ་བའང་ནམ་མཁའ་རུ་སྐར་འོད་ལམ་ལམ་དུ་འཚེར་བ་དང་གཅིག་མཚུངས་ཡིན།
ཕྱིར་དྲན་ནི་ནམ་ཡང་བཀླག་མི་ཚར་བའི་ལོ་རྒྱུས་ཀྱི་དེབ་ཆུང་ཞིག་དང་འདྲ་བར། ང་ཚོའི་འཚོ་བའི་མངར་སྐྱུར་གྱི་ཉིང་ཁུ་སྦྲུམ་ནས་ཡོད་ལ། ཕྱིན་དྲན་ནི་ཕྱོགས་གཞན་ཞིག་ནས་བཤད་ན་ངས་བརྩེ་དུང་ལ་ཨུ་ཚུགས་བྱེད་འདོད་པའི་རྨང་གཞི་ཉག་ཅིག་ཀྱང་ཡིན་སྲིད།
ཁྱེད་རང་དྲན་དྲག་པས་དབང་གིས། ཁོ་བོའི་རྨི་ལམ་དུ་རྨིས་པའང་ཉུང་ཉུང་མིན། ཐེངས་ཤིག་གི་རྨི་ལམ་ནང་དུ། ཁྱེད་རང་གནའ་རབས་གློག་བརྙན་ནང་གི་ལྷ་མོ་མཛེས་མ་དེ་དག་དང་འདྲ་བར། བར་སྣང་ན་གང་འདོད་འཕུར་གྱིན་འདུག ངས་ཁྱོད་ཀྱི་མིང་ནས་བོས་ཀྱང་། ཁྱོད་ཀྱིས་ང་ལ་བལྟས་ཏེ་སྐད་ཆ་གང་ཡང་མི་བཤད་པར་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་ཏེ། མཐའ་མཇུག་མི་སྣང་བར་གྱུར། ངའི་སྙིང་ནང་ལ་ལྕགས་མདའ་ཡིས་བུ་ག་ཕུག་པ་ལྟ་བུའི་ན་ཟུག་ཅིག་སྐྱེས་ཤིང་། ན་ཟུག་མ་བཟོད་པར་ཀི་རྒྱངས་ཤིག་བྱས་པས། རང་ཉིད་ཀྱང་གཉིད་ལས་སད། མཚམས་འདིར་སླེབས་པ་ན་འདས་དོན་དག་བསྐྱུར་ལ། སྐབས་སུ་བབས་པའི་སྙིང་གཏམ་ཞིག་བརྗོད་པར་བྱ། ནམ་ཞིག་གི་ཚེ་ན་ང་རང་འབྱུང་བཞིའི་དབང་དུ་སོང་ནས་འཆི་དགོས་བྱུང་ནའང་དབུགས་ཀྱི་རྒྱུ་བ་མ་འགག་བར་དུ་ཁྱེད་ཀྱི་ཆེད་དུ་ངས་བརྩེ་དུང་ལ་ཨུ་ཚུགས་བྱེད་ངེས།
༢༠༡༥-༩-༡༧ཉིན།
ཁྱེད་ཀྱི་གམ་དུ་ཨུ་ཚུགས་ཀྱིས་གོག་ནུར་བྱེད་འདོད།
དོ་ནུབ། ཟླ་འོད་ཀྱིས་ང་རང་མཐོང་གིན་ཡོད་དམ།
ཁེར་རྐྱང་གི་བརྟུལ་ཞུགས་འཛིན་པའི་ང་རང་མཐོང་གིན་ཡོད་དམ།
ཕལ་ཆེར་ཟླ་འོད་ཉི་ནུབ་ཀྱི་གྲོང་ཚོ་ཞིག་ཏུ་སོང་སྲིད།
གལ་ཏེ་ཟླ་འོད་མེད་པའི་མཚན་མོའི་ཁ་དོག་ཅིག་ཡོད་ཚེ།
ང་ཁྱེད་ཀྱི་གམ་དུ་ཨུ་ཚུགས་ཀྱིས་གོག་ནུར་བྱེད་པའི་སྟ་གོན་བྱེད་ངེས།
ངའི་མེ་ལོང་གི་ཁང་མིག་གྲུ་བཞི་ནས་ཁྱེད་རང་བོར་མ་མྱོང་ཡང་།
ཉལ་ཁང་གི་གྲུ་ག་འཇམ་པོ་ན་ཁྱེད་རང་གཏན་དུ་ཡོད་མ་སྲིད།
བསམ་གཏན་ལ་སྒོམ་པའི་ལྷོ་ནུབ་ཕྱོགས་ཀྱི་མི་ལགས།
རེ་སྒུག་གཅིག་པུས་མི་ཚེ་འདའ་མི་སེམས་པའི་རྐྱེན།
ཁྱེད་ཀྱི་ཕྱོགས་ལ་ཨུ་ཚུགས་ཀྱིས་སྐུད་པ་འཐེན་ངེས།
སྔར་ནས་གྲ་སྒྲིག་བྱས་ཟིན་པའི་ཚོགས་འདུའི་མཛད་སྒོ་ཞིག་ནས།
མུན་ནག་གི་སྒོ་སམ་ལས་ཡང་དག་གི་ཡིག་འབྲུ་འགའ་ཨེ་རྙེད་དུ་བལྟས་ཀྱང་།
གནས་ལུགས་ཀྱིས་ཉིན་འགའི་སྔོན་ནས་ཕོག་ཐུག་བཟོས་འདུག
དེའི་ཕྱིར་མལ་ཁང་གི་ཅ་ལག་ཡོད་ཚད་ཀྱང་ཁྱེད་ཀྱི་དོན་དུ་སྐྱོ་བཞིན་འདུག་ལ།
གཞུང་ལམ་དུ་ཡོད་པའི་གད་སྙིགས་དག་གིས་ཀྱང་ཁྱེད་ཀྱི་ཕྱོགས་ལ་ཨུ་ཚུགས་བྱེད་ཀྱིན་གདའ།
ཕག་གི་བུ།
ཚལ་བར་གས་པའི་སྲུབས་ཀ་ན་འཕྱུར་བའི་རྨི་ལམ་ཞིག
མཚན་མོའི་སྨག་རུམ་ཁྲོད་ན་སྤྱང་ཀི་མང་པོས་འཚང་ཁ་ཤིག་ཤིག་བྱེད་ལ།
ཟླ་འོད་མེད་པའི་ཁང་མིག་ནང་གི་སྒྲོན་མེས་ཀྱང་འཇིགས་སྣང་རུམ་འདུག
སྔར་ནས་ངལ་དུབ་བྱུང་ཟིན་པའི་རྒྱུ་སྐར་མང་པོས་མ་གཞི་ནས་ངལ་གསོ་བྱས་ཟིན་པས།
སྙན་ངག་པའི་རྨི་ལམ་ལ་སད་རྒྱུ་མེད་ལ་ཟད་རྒྱུའང་གཏན་དུ་མི་འདུག
ཆ་ཡོད་འདྲ་ལ་རྒྱུས་མེད་དུ་སྣང་བའི་གཟུགས་མེད་ཀྱི་སྐུ་མགྲོན་ཏེ།
གླང་དར་མའི་ངུ་ཟུག་གིས་མནན་པའི་རྒྱལ་ཁམས་དག་ཡང་ཡང་སྒུལ་དུས།
བྱེའུ་ཆུང་གི་དགའ་སྣང་ལ་གཡོ་བ་མེད་པའི་རྨི་ལམ་ཞིང་གི་རྫ་ལུང་ན།
སྙན་ངག་པའི་རྟོག་བཟོ་དང་འཕྲུལ་སྣང་ལ་རེག་མི་བཏུབ་པའི་ཁྱད་ཆོས་ཡོད།
སྙན་ངག་དང་ལོ་རྒྱུས་ཀྱི་མེ་ལོང་ཁྲོད་ཡེ་ནས་མི་མངོན་པའི།
ཧམ་སེམས་དང་ལྐོག་གྱུར་གྱི་མཆེ་སྡེར་བར་ནས་ན་གཞོན་གྱི་རྨི་ལམ་རྒུམ་མཁན་དག
སྙན་ངག་པའི་ལག་པས་རུམ་ལ་བསྲིངས་ནས་ལྷག་ལུས་མེད་པར་ཕྱི་རུ་འབྱིན་དུས།
ཚལ་བར་གས་པའི་སྲུབས་ཀ་ནས་རྨི་ལམ་ཞིག་སྔར་བཞིན་འཕྱུར་ངེས།
གདོན་གྱིས་བཟུང་བའི་དྲན་པ་འདི།
ད་ནི་ཉིན་གཉིས་བགོར་ཟིན་པའི་མཚན་ལམ་རིང་མོ་ཞིག་ལ།།
ལྟས་དབང་གིས་འཕྲད་པའི་རྒྱང་རིང་གི་མཛེས་མའི་གེ་སར་ཏེ།།
རོལ་མོས་རམ་འདེགས་ཁྲོད་གནས་པའི་དྲོད་ཉམས་ཀྱི་ཁང་མིག་འདིར།།
མེད་པ་རྐྱེན་བྱས་ལུས་ཕྲ་དྲན་པའི་སྦྱོར་བ་འཕྲིན་གྱིས་གསོས།།
སྒེའུ་ཁུང་ལས་དངུལ་མདོག་གི་ཁ་བ་དང་དགུན་ལྗོངས་མཐོང་བྱུང་།།
ཁྱེད་ཀྱི་ལྷད་མེད་པའི་དགོད་སྒྲ་ལྷུང་ལྷུང་གཙང་བོ་འདྲ་ལ།།
སྤྲིན་དཀར་དུམ་བུ་རེ་ཡང་མདོ་ལ་ལ་སྙེག་མགོ་བརྕམས་དུས།།
རང་ཉིད་ཀྱང་འཕུར་ལྡིང་ལ་བྲེལ་བའི་རྒོད་པོ་ཡིན་ན་སྙམ།།
གནམ་མཐའ་ན་ཉི་འོད་ཉམ་ང་བ་ཞིག་འཚེར་གྱིན་ཡོད་ལ།།
ཁ་བ་ཐེངས་དེའི་འབབ་སྟངས་ཀྱང་ཁྱེད་ཀྱིས་ངོས་ནས་མ་མཐོང་།།
འཁྱག་རླུང་གིས་ཁུ་སིམ་མེར་དེད་པའི་བསམ་གཞིག་གི་ཀློང་ནས།།
ཚངས་སྲས་མ་ཁྱེད་ལ་ཁ་བའི་འབབ་ཚུལ་འདི་གླེང་འདོད་སྐྱེས།།
སྣེ་གཉིས་སུ་གྱེས་པའི་ལམ་མདོ་དེ་ནས་སོ་སོར་ཁ་བྲལ།།
རྒྱུས་མེད་ཀྱི་གནས་ན་ད་ལྟ་ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱིན་སེམས།།
རྨ་ལྷོ་ལ་ཁ་བ་བབས་པའི་གསང་འཕྲིན་ཁྱེད་ལ་གཏོང་དུས།།
ཁྱེད་ཀྱིས་རྒྱང་རིང་གི་གནས་དེ་ནས་ང་དྲན་ཨེ་སྲིད་དམ།།
སྔ་ནུབ་མཚན་མོ་ངས་ཁྱེད་རང་རྨི་ལམ་དུ་རྨིས་བྱུང་ལ།།
ཁྱེད་ཀྱི་འཇོ་སྒེག་དང་གཡེར་བག་གི་འཛུམ་ཁ་ཆུང་ཆུང་རྨིས།།
ལྷག་པར་དུ་གསང་རྒྱ་བཏབ་པའི་འུ་གཉིས་ཀྱི་གླེང་མོལ་དེ།།
གསལ་ལྷང་ངེར་དངོས་ཡོད་ཇི་བཞིན་མཐོང་ལམ་ནས་ཇི་ལྟར་བརྗེད།།
སློབ་གྲྭ་དོག་པོ་ཞིག་གི་ནང་རོལ་དུ་ཁ་རོག་སྡོད་དུས།།
མེ་ཏོག་འདྲ་བའི་བུ་མོ་ཞིག་དལ་དལ་སྒོས་ཚུར་ཡོང་ནས།།
སྙན་ངག་པའི་རྒྱལ་ཁམས་ཡོངས་སུ་ལུག་ཁྱུ་ལྟར་རི་ལ་བཀྲམ།།
དུས་དེ་ནས་བཟུང་མེ་ཏོག་ལྟ་བུའི་མཛེས་མ་ཁྱེད་དྲན་བྱུང་།།
དྲན་པ་དེའི་དོན་དུ་ང་ནམ་ཡང་བགྲོད་ལམ་འདིར་ཞུགས་ནས།།
ཁེར་རྐྱང་ངང་རང་ཉིད་རྔུལ་ཆུ་དང་ཁྲག་དྲོན་ཁྲོད་མཆོད་དགོས།།
ང་དང་ཁེར་རྐྱང་གི་གློག་སྒྲོན་མོག་པོ་འདི་ལྟར་བསྡད་ནས།།
གོ་རིམ་མེད་པའི་བསམ་གཞིག་གི་དྲ་རྒྱའི་ཁྲོད་འཛུལ་སོང་ངོ་།།
ཁྱེད་མེད་པས་ང་རང་འགྱོད་གདུང་ངང་ལམ་དེར་ཞུགས་དགོས་ལ།།
ཁྱེད་མེད་དུས་ང་རང་ཕྱིར་ཡོང་བྲལ་བའི་སྟོང་འདང་ཁྲོད་འཁྱམས།།
ཁྱེད་དྲན་དུས་ང་ཁེར་རྐྱང་ངང་བགྲོད་ལམ་འདིར་ཞུགས་དགོས་ལ།།
ཁྱེད་མེད་པས་ངའི་སེམས་ཁོང་ལ་ཁ་བའང་ཐེངས་མང་བབས།།
གྲང་རླུང་གིས་སྒུལ་བཞིན་པའི་ནམ་གུང་གི་དུས་ཚོད་འདི་ལ།།
ངས་ཐག་རིང་གི་སྙིང་ཉེ་དེའི་རྒྱང་བཞུད་སེམས་ཀྱིས་སྲུང་ཞོར།།
འུ་གཉིས་ཀྱི་དུས་ཚོད་ཤེས་མེད་ཚོར་མེད་ངང་ཟད་བཞིན་པ།།
ཟང་ཟིང་བར་སྣང་འཁྱམ་བཞིན་པའི་ཁྱེད་ལ་ཉེན་བརྡ་གཏོང་འདོད།།
ཁྱེད་ཡོད་པས་ང་ལ་སོས་དལ་བག་ཕེབས་ཀྱི་རྨི་ལམ་མང་།།
མིག་བཙུམ་ནས་རང་ཉིད་ལ་གཤོག་པ་བརྐྱངས་པའི་གོ་རིམ་ཡོད།།
བར་སྣང་ནས་ཁ་བའི་འདབ་མ་མང་པོ་གར་དུ་རྩེན་པས།།
ཡིད་སེམས་ནས་ཁྱེད་ཀྱི་འཛུམ་མདངས་ཀྱི་མེ་ཏོག་བཞད་པ་མཐོང་།།
ཁར་རྩང་དེ་རིང་རྨ་ལྷོར་ད་དུང་ཁ་བ་འབབ་ཀྱིན་འདུག།
ངའི་ངོ་གདོང་དང་དོན་ལྔ་སྣོད་དྲུག་གི་སྟེང་དུ་འབབ་ཀྱིན་འདུག།
ཁ་བས་གནམ་འོག་འདིའི་སྐྱེ་དངོས་ཁྲི་ཕྲག་གི་སྲོག་དཀྲོགས་ཤིང་།།
ཁ་བས་ངའི་དྲན་པ་ལ་བཙན་དབང་གི་གཤོག་པ་དགུ་བཏགས།།
2016-1-20
网友评论