རེབ་འདི་རྡུང་ལེན་འགྲན་ཚོགས་ལས་བྱུང་བའི་སྐྱོ་ཚོར་ཆེ་ཤོས་གཉིས་ཡོད་དེ། གཅིག་ནི། ཕ་ཡུལ་གྱི་གླུ་བ་བསམ་ཁོར་རླུང་རྟ་རྒྱུགས་ཏེ་ཨང་གཉིས་པ་ཐོབ་སོང་བས་ཕ་ཡུལ་གྱི་ཡུལ་དངོས་ལྟད་མོ་ཚོ་དགའ་ཐག་ཆོད་ནས་བསམ་ཁོར་གོས་དང་ཁ་ཏགས་ཀྱིས་གཡོགས་ཏེ་མི་ཚོགས་ཀྱི་དཀྱིལ་ན་ཨ་གསར་ཆེ་བའི་བླུན་རྟགས་ཕུད་བཞིན་པ་དེ་རེད། གོས་དར་གྱིས་གཡོགས་ཚུལ་ལ་བལྟས་ན་རྟ་རྒན་ཚོས་དགའ་རྟགས་བླངས་པའི་སྣང་བརྙན་དེ་ལས་གཞན་ཅི་ཡང་དྲན་རྒྱུ་མི་འདུག རྟེན་འབྲེལ་ཞུ་དགོས་ངེས་ཡིན་ནའང་ཀི་རིང་རེ་འདེབས་བཞིན་རྟ་རྒན་ཚོར་དར་གོས་ཀྱིས་གཡོག་གཡོག་བྱས་ཏེ། སྲང་བར་ལ་ཤོང་གིན་མེད་པའི་རྣམ་པ་དེ་མཐོང་ཐེངས་རེེར་འདི་ཚོ་ཇི་འདྲའི་གསར་རྟགས་ཆེ་ལ། འགྲོ་སྟངས་མེད་པ་ལ། བླུན་རྨོངས་ཆེ་བ་ལ་སྙམ་སྟེ། དབང་མེད་དུ་ཡིད་ཆད་སྐྱོ་སྣང་བཅས་པའི་ཤུགས་རིང་རེ་བཙན་གྱིས་བརྔུབ་དགོས་བྱུང་། གཉིས་པ་ནི། ཆེས་མཐའ་མཇུག་གི་འགྲན་རིམ་སྟེ་སྒྲ་སྙན་བཀྲ་ཤིས་རྒྱལ་བོ་སུ་ཡིན་རྩོད་པའི་སྐབས་ལ་སླེབས་པ་ན། དཀོན་སྐྱབས་ཀྱིས་གླུ་དབྱངས་གཉིས་བསྐྱར་ཟློས་ཀྱིས་ཡང་ཡང་བླངས་པ་དང་སྐལ་བཀྲས་ཀྱང་ཆེས་མཐའ་མཇུག་འགྲན་རིན་སྔོན་མ་དག་གི་སྐབས་སུ་བླངས་ཟིན་པའི་རྡུང་ལེན་དེ་སླར་ཡང་བསྐྱར་ཟློས་ཀྱིས་བླངས་པ་དེས་ནི། གནད་འགག་གི་སྐབས་སུ་ཁོང་གཉིས་ཀྱི་མི་འདང་བའི་ཆ་དང་ཞན་ཆ་གང་དེ་ལྷང་ལ་ཕུད་སོང་བས་དེ་ནི་ཐབས་སྐྱོ་བའི་གནས་སྟངས་སོ།། གལ་ལ་ཐུག་དུས་གླུ་ཚར་སོང་བ་དེས་ནི། ཁོང་གཉིས་ཀྱི་དོན་དངོས་ཀྱི་ཚད་གཞི་ཡང་གསལ་བསྒྲགས་བྱས་སོང་། འདིའི་རིགས་ནི་གཞི་རྒྱ་ཆེ་བའི་བོད་ཁམས་ཡོངས་ཀྱི་རྡུང་ལེན་འགྲན་ཚོགས་འདི་འདྲ་ཞིག་ངོས་ནས་བཤད་ན་ཆེས་ཆེ་བའི་གནད་དོན་དང་འགྲན་ཞུགས་པ་ཚོའི་ཞན་ཆ་ཆེ་ཤོས་དེའོ།། དོན་གྱིས་སྒྲ་སྙན་བཀྲ་ཤིས་རྒྱལ་བོའི་མཚན་སྙན་དེ་ཡང་གླུ་དབྱངས་བསྐྱར་ཟློས་ཀྱིས་བླངས་པའི་ཚུལ་འདི་བསམ་ན་ཤིན་ཏུ་ཡི་རེ་མུག
网友评论