ཨ་ཕོ་རྟ་རྐུན་ཇག་པ། རྟ་ཕོ་སྔོ་ནག་ཆུ་རྡེའུ།
རི་གསུམ་རྩེ་ནས་བལྟས་ན་རྒོད་པའི་གཤོག་འགྱུར་ངོམ་འདྲ།
ལུང་གསུམ་མདོ་ནས་གོམ་ན་ཉ་མོ་ཆུ་ལ་རྐྱལ་འདྲ།
ཨ་ཕོ་རྟ་རྐུན་ཇག་པ་ཁས་ཁ་གོང་ནས་འབུད་དུས།
ཅིབས་རྟ་སྔོ་ནག་ཆུ་རྡེའུ་ཁ་རླངས་རྫ་མགོའི་སྨུག་པ།
མགོ་གསུམ་ལྡེམ་ནས་འཚེར་བ་རྔོག་ཆུང་གཞི་མོའི་གོ་ཡོད།
ཨ་ཕོ་ལུག་རྫི་བུ་ཆུང་། རྟ་ཕོ་སྔོ་ནག་ཆུ་རྡེའུ།
རི་ལ་ཁ་བ་བབས་ན་རྨིག་རྗེས་མེ་ཏོག་གཏོར་བ།
ཆུ་ལ་ཟམ་པ་མེད་ཀྱང་གྲུ་ཆུང་བསམ་པའི་བཟུང་ཡོད།
གཞས་ལ་གདངས་དབྱངས་བཀུག་ནས་འབའ་འབའ་ལུག་ལ་ཆས་ན།
རི་གསུམ་རྩེ་ལ་འབུད་དུས་སྐོར་གསུམ་བརྒྱབ་ནས་འཚེར་བ།
ལུང་གསུམ་མདོ་ན་སྒུག་པའི་ཆུ་ལེན་བུ་མོའི་གོ་ཡོད།
སྟག་ཤར་གཞོན་ནུའི་བློ་རྟ། འདོ་བ་སྔོ་ནག་ཆུ་རྡེའུ།
གོམ་གསུམ་གོམ་པའི་ས་ལ་རྨིག་རྗེས་མེ་ཏོག་འཛིན་པ།
ལན་གསུམ་བལྟས་བའི་ཕྱོགས་ན་བྱང་ལམ་སྐྱ་མོ་ཆོད་ས།
སུམ་ཚིག་སྒྲོག་གི་བར་ན་རྨིག་བཞིར་རང་དབང་མེད་ཀྱང་།
བུ་ལོ་ས་མཐའ་འགྲོ་དུས་འགྲོ་རོགས་གོ་ཁའི་སྤུན་འདངས།
རྔོན་པའི་ཇག་ལམ་བརྒྱུད་དུས་རྣ་རྩེ་སོ་བའི་ཚབ་ཡིན།
——སྡོང་ལོ།
网友评论