འབྲོག་ཤེས་རབ།
ཉི་འོད་ཀྱི་འོག་ཏུ་མགོ་འཁོར་བ་ལྟར་གྲིབ་མ་ཡང་གང་ན་ཡོད
གཅེར་བུར་ལུས་པའི་ཉི་ནུབ་དང་རི་རབ་ཀྱི་གཞོངས་པར
ཆར་བའི་རྨིག་སྒྲ་ཐག་ཐག དལ་བུར་གཡེང་བའི
མཆུ་སྒྲོས་སྦྱར་བའི་མུན་ཁྲོད་དུ་མེ་ལོང་ཕྱིས
རྟག་ཏུ་ཨུ་ཐུག་པའི་སྒེའུ་ཁུང་ལས་སྐྱོ་འཛུམ་མངོན་པ་ཅི
འདུས་བྱས་ཀྱིས་བློས་བསླངས་བྱས་ཏེ
གློག་ཀླད་ཀྱི་ངོས་སུ་མྱ་ངན་ཐང་གི་རྔ་བོ་རྡུང
ནམ་མཁའི་རྣམ་ཤེས་བཞུར་དྲགས་པའི་ཤ་གསེབ་ཏུ་མཚེའུ་བསྐྱིལ
སེམས་པ་ཇི་བཞིན་མཆེ་སྡེར་རྣོན་པོའི་མངལ་ལས་སྐྱེས
རུས་ཡུག་ལས་མཆེད་འོངས་བའི་མུན་པ་མཐུག་དྲགས་པས
སྐབས་སྐབས་སུ་སེམས་ཅན་གྲངས་མེད་ཞི་ཞིང་སྙོམ
ཚེར་མ་འཛིང་བའི་གནའ་བོའི་སྐར་ཁུང་གཅིག་པུ
ཆགས་སྡང་ལྕེ་སྟེང་དུ་བླངས་ནས་འདོད་པ་མཚོན་ཕྱིར
ཁེར་ལབ་རྒྱག་གིན་རྡོ་གཅལ་གྱི་རྩིག་པ་བརྒལ
དབུགས་ཀྱི་དྲ་ཕྱེད་འཐེན་པའི་མཁུར་ཚོ
འཐུང་འཕྲོར་ལུས་པའི་བརྡ་སྤྲོད་ཀྱི་ནུས་པ་ཞན
སྐོམ་པའི་ཁུད་དུ་དཔྱངས་པའི་སྙིམ་པ་དེ
རྩི་ཤིང་གི་རྩེ་མོར་ངའི་གཟུགས་རིས་གཅེར་བུར་མངོན
སོལ་དལ་བའི་སྡོང་མགོ་རུ་རྣ་བ་སྤྲུགས་སྤྲུགས་བྱས་པས
དུས་རྟག་པར་ལག་པའི་མཐུལ་དུ་ནམ་མཁའི་དུས་ཚོད་བྲིས
ཡོངས་སུ་འགུལ་བའི་མུན་པའི་ཆུ་ཏོས་གཙཊ་ཀྱིན
ཁྱོད་ཀྱི་ཁ་གཏད་དུ་གཅེར་བུ་ཕུད
སེམས་ངོས་སུ་འབྱར་བའི་བ་སྤུ་བཞིན
ཞེད་སྣང་དྲགས་པོས་ཕན་ཚུན་སྒོམ
ལྟེམ་མེར་འཁྱིལ་བའི་སེམས་པ་མི་དཔོག་པའི་ཟེ་བར་བཅུག་ན་ཡང
སྒྲིབ་གཡོགས་བྲལ་བའི་ཁྱོད་ཉིད་རི་ལས་ལྕི
མིག་ཆུ་རྨང་ནས་ནུར་བའི་གྲང་ངར་བཞིན
ཕྱོགས་མཐར་རྐྱོང་བའི་མདུན་རྒྱབ་མ་མཐོང་ཡང
ཚང་ཚང་འཁྲིགས་པའི་མཆེ་བ་སེམས་སུ་ཟུག
༢༠༡༧.༡༡.༡
网友评论