དྲན་གདུང་གི་འབོད་སྐུལ
གྲིབ་གཟུགས།
ཆ་ཡོད་མེད་བར་གྱི་ཕོ་གསར་ང་རང
རྒྱང་རིང་ཐུང་མཚམས་ཀྱི་རྒྱ་གྲོང་མྱུལ་དུས
སེམས་ཀྱི་རྟམ་མཆོག་རྒོད་པོར་སྙིང་གཏམ་གྱི་ལྕག་གིས་སྐུལ་ཏེ
རྨི་ལམ་གྱི་ཐང་ཆེན་འཕྲད་ཀྱིས་བཅད་ནས་ཁྱེད་སར་རྒྱུག་བཞིན་པ
སྙིང་ཉེ་མ
ཁྱེད་ཀྱིས་ཚོར་ཨེ་བྱུང
མ་འོངས་མི་ཚེའི་ལམ་ཆེན་དུ
འཕུར་མི་ཐུབ་རུང་གོག་མི་དགོས་པའི་འདུན་པར་བསྙེག་ནས
སྣ་མང་ཤེས་རིག་གི་གཏེར་མཛོད་དེ
སློབ་གླིང་གི་འཚོ་བར་མི་ལོ་བཅོ་ལྔ་བཞུད་སོང
བཞུད་སོང་རུང
རྒྱུ་ཆུང་བས་འབྲས་བུ་ལེགས་པོ་མ་བྱུང་ཐལ
སྙིང་ཉེ་མ
མིང་བྱང་གཡར་མ་འདི་ད
ངའི་འཚོ་བའི་ཁྲོད་ཀྱི་ཆེས་སྙན་པའི་འབོད་སྒྲ་ཞིག་རེད་འདོད་ཁུ
ཁྱེད་འཐད་མིན་ལ་མ་དཔྱད་པར་འདི་ལྟར་བོས་ན་མི་འགྲིག་པ
ངས་ཀྱང་ལོས་ཤེས
ཡིན་ནའང
ངའི་གངས་དཀར་སེམས་ཀྱི་ངོས་སུ
འདི་ལས་ལྷག་པའི་ཐབས་བཟང་པོ་ཞིག་མ་དྲན་ཐལ
འདི་ལས་སྙན་པའི་མིང་ཡག་པོ་ཞིག་མ་ཡོད་ཐལ
སྙིང་ཉེ་མ
དགོངས་འགལ་མེད་པར་ཞུ
སྙིང་ཉེ་མ
མཚར་སྡུག་སྟོང་ལྡན་གྱི་འཇིག་རྟེན་འདི་རུ
མཛེས་ལྗོངས་དུ་ངོམས་ཆོག་པ་ཁྱེད་ཀྱི་འཛུམ་ཞལ་ལས་མ་འདས
སྙན་དབྱིངས་སུ་རྩི་འོས་པ་ཁྱེད་ཀྱི་དགོད་སྒྲ་ལས་གཞན་གང་ཞིག
མེད་ཁུ
ངོ་མ་མེད་ཁུ
འོན་ཏེ
ཕ་གིའི་རི་སྡེའི་ཕྱོགས་སུ་བལྟས་བལྟས་རུང
མཛེས་སྡུག་གཞལ་དུ་མེད་པའི་ཕ་ཡུལ་གྱི་འབྲོག་སྡེ་དེ་མ་རྙེད་ཐལ
ཀུན་གྱི་ཡིད་དབང་འཕྲོག་པའི་བུ་མོ་ཁྱོའི་མཛེས་ཞལ་ཡང་མ་མཐོང་ཐལ
སྙིང་ཉེ་མ
དབྱར་གཞུང་རྩྭ་ཐང་གི་སྦྲ་གུར་ནང་ནས
ཁྱེད་ཀྱི་སྔས་འགྲམ་དུ་འོང་སྟེ
ཤབ་ཤུབ་ཀྱི་སྙིང་གཏམ་ལབ་མཁན་དེ་ང་ཡིན་ན་བསམ་ཀི
མཚན་མོའི་མུན་ནག་ནང་གི
འདོད་ཁམས་ཀྱི་ཚོར་བ་ཟབ་པའི
སྤྲོ་སྐྱིད་ཀྱི་མལ་གྲོགས་དེ་ཁྱེད་ཡིན་ན་འདོད་ཀི
དགུན་ཁའི་འཁྱགས་རུམ་ཁྲོད་དུ
ལུས་དང་གྲིབ་མ་བཞིན་འགྲོགས་ནས
ཁྱེད་ལ་དྲོད་འཇམ་གྱི་ཚོར་བ་གནང་མཁན་དེ་ང་ཡིན་ན་བསམ་ཀི
མི་རྟག་འཁོར་བའི་ནང་ནས
སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི
ཚེ་གང་གི་གཏན་གྲོགས་དེ་ཁྱེད་ཡིན་ན་འདོད་ཀི
སྙིང་ཉེ་མ
ངས་ཁྱེད་ཀྱི་ཡོད་ཚད་རྟོགས་འདོད་མོད
ཐོག་མ་ཉིད་ནས་ད་བར་དུ་གཞན་ལ་དྲིས་མ་མྱོང
རྒྱུ་མཚན
ང་ལ་མཁོ་བ་ནི
ཁྱེད་ཀྱིས་བདག་སེམས་ལ་བཞག་པའི་བག་ཆགས་ཡིན་པ་ལས
གཞན་པའི་སྐད་ཆའི་ཁྲོད་ཀྱི
གསལ་ལ་མི་གསལ་བའི་གཟུགས་བརྙན་དེ་ག་ལ་ཡིན
གོ་སྐབས་རེ་བྱུང་ན
ང་རང་གིས་དངོས་སུ་ཁྱེད་ལ་རྒྱུས་ལོན་ཆ་ཚང་བ་ཞིག་བྱེད་འདོད
网友评论