美文网首页
དགེ་རྩེ་ཨ་སྐྱབས་ཤུལ་མའི་རི་ཆུ་ངོ

དགེ་རྩེ་ཨ་སྐྱབས་ཤུལ་མའི་རི་ཆུ་ངོ

作者: 藏族同胞 | 来源:发表于2018-05-25 13:39 被阅读0次

                              ཤུལ་མ་དགོན་མཁན་ངག་དབང་ཤཱཀྱ།

            ༄༅།།དགེ་རྩེ་ཨ་སྐྱབས་ཤུལ་མའི་ས་ཆ་སོ་སོ་ན་ཡོད་པའི་གླིང་སྒྲུང་དང་འབྲེལ་བའི་རྩ་ཆེའི་རི་ཆུ་ངོ་སྤྲོད་འབྲི་བ་ལ་ཐོག་མར་ཤུལ་མ་སྡེ་དགོན་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་བཤད་པར་བྱ་སྟེ། 

              དེ་ཡང་དགེ་རྩེ་ཨ་སྐྱབས་ཤུལ་མ་ནི་ཐོག་མར་མགོ་ལོག་ཨ་སྐྱབས་ཀྱི་ཡུལ་ནས་ཡོང་བ་དང་། གསེར་རྟ་གྲྭ་ལག་ཁ་མདོ་ནས་ཡོང་བའི་བཤད་སྲོལ་གཉིས་ཡོད། གང་ལྟར་ཤུལ་མ་དུད་བདུན་མ་ཞེས་པའི་དུད་ཚང་བདུན་དྭངས་མོའི་ཆོས་ཁྲིའི་ནཱ་བ་རུ་གཞི་ཆགས།  དེ་ནས་རྟགས་དང་རྟེན་འབྲེལ་ལ་གཞིགས་ནས་རྫ་རྒྱུད་ཀྱི་གཞི་བདག་ཀུན་གྱི་རྒྱལ་པོ་རྫ་རྒྱལ་རྡོ་རྗེ་མཆོག་རབ་ཀྱི་བཀའ་ཡི་དམག་དཔོན་ཆེན་པོ་དྭངས་མོའི་དེའུ་དཀར་སྡེ་བ་འདིའི་གྲོགས་དན་འཕྲིན་ལས་བཅོལ་སའི་གཞི་བདག་གམ་བསང་དང་གསེར་སྐྱེམས་མཆོད་སའི་བསྟོད་རི་བྱས་ནས་དྭངས་འབྲིང་གཉིས་ལ་གཞིས་ཆགས་པས། ས་སྐྱིད་པོ་དྭངས་མོ་འབྲིང་མོ།། ཡུལ་སྐྱིད་པོ་ཨ་སྐྱབས་ཤུལ་མ།། ཞེས་གནའ་མི་ཚོའི་ངག་རྒྱུན་ལ་གྲགས་པའི་ཤུལ་མ་སྡེ་བ་འདི་བྱུང་། རིམ་བཞིན་རྒྱ་ཆེ་རུ་སོང་ནས་ད་སྐབས་དུད་ཁྱིམ་སྟོང་ཕྲག་ལྷག་ཅིག་ཡོད།

            སྡེ་བ་འདིའི་མཆོད་ཡུལ་གྱི་དགོན་པ་ནི་ཤུལ་མ་དགོན་དགའ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་ཡིན་ལ། ཆོས་སྡེ་འདི་ནི་སྒར་བའི་བླ་མ་རབས་འབྱམས་པས་ཕྱག་བཏབ་པའི་རྙིང་དགོན་ཆུང་ཆུང་ཞིག་ཡོད། 

          དེ་ནས་རིམ་བཞིན་གླིང་གེ་སར་རྒྱལ་པོ་དང་གོང་མ་ལྷ་ཡུལ་ནས་དམ་ཚིག་གཅིག་ཅིང་། བར་མ་མི་ཡུལ་ནས་ལས་དོན་གཅིག་པའི་ལྷ་ཕྲུག་བཅུ་གསུམ་གྱི་ནང་ཚན། མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་སྐྱེ་འཕྲེང་འཛིན་པ་༧བྱང་གླིང་པཎྡིཏ་འདུལ་ལྡན་ཡེ་ཤེས་ཚུལ་ཁྲིམས་མཆོག་གིས་རི་བོ་དགེ་ལུགས་པར་སྒྱུར་བ་ནས་ད་ལྟའི་བར་བགྲང་བྱ་སུམ་བརྒྱ་མ་ཟིན་ཙམ་སོང་ཟིན།

          ད་སྐབས་༧བྱང་གླིང་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཚེ་རིང་སྟོབས་རྒྱས་མཆོག་གིས་ལུགས་གཉིས་གསེར་གྱི་འཁོར་ལོ་ལ་མངའ་དབང་སྒྱུར་བའི་བཀའ་དྲིན་ལས་ཆོས་སྡེ་འདི་ལ་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལྷག་གིས་བཅུ་ཕྲག་རིག་པའི་གཞུང་ལུགས་ལ་བསླབ་དང་སློབ་བཞིན་པའོ།།

              དེ་ལྟ་བུའི་ཡུལ་སྡེ་འདིའི་ཁོར་ཡུག་ཁག་ཏུ་གླིང་དང་འབྲེལ་བའི་རི་ཆུ་ངོ་སྤྲོད་ཅུང་ཟད་བྱས་ན་ཤུལ་མ་སྡེ་བའི་ནུབ་ཕྱོགས་ཀྱི་སར་ཁྲ་སྡོམ་སྟག་མོ་འདུས་མདོ་འམ་སྡོམ་མདའ་ཡུལ་ཚོ་ནས་ལེ་དབར་བཞི་ལྷག་གི་རྫ་ཆུའི་ཕ་རོལ་གྱི་ཤུལ་མ་རུ་ཆེན་བརྒྱད་པའི་ས་ཆ་འདུ་སའི་རྫིབ་ནི་འདུ་ར་སྟག་ཐང་ཁྲ་མོའི་ཐང་སྟོད་ཀྱི་རི་རྩིབས་དག་ལ་ཟེར། དེ་ཡང་རི་རྩིབས་སམ་རི་ཟུར་ལ་རི་རྫིབ་ཅེས་ཡུལ་མི་དག་གིས་འབོད་སྲོལ་ཡོད། ས་ཆ་འདི་ནི་སྔ་ཁྲ་མོ་གླིང་གི་འདུ་ར་འཚོགས་སའི་གནས་ཡིན་པར་༧འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་དང་། གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས། ལྷོ་མགར་ཆེན་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མས་གསུངས་མྱོང་། 

            དེ་ཡང་༧འབྲུག་ཁམས་སྤྲུལ་གྱི་རང་རྣམ་ལས། “སྔོན་གྱི་གེ་སར་རྒྱལ་པོའི་སྐབས་ཀྱི་དཔའ་ཐུལ་སུམ་ཅུ་འཚོགས་སའི་གནས། འདུ་སའི་སྟག་དེལ་གོང་མའི་ཞོལ་དུ་སྒར་རྒྱབ་ནས་ཞག་བཅུ་སྐོར་བསྡད། ཁྲོམ་དབང་ཁ་ཤས་དང་སྟག་དེལ་མགོ་ལ་སྤྱིའི་བསང་གསེར་སྐྱེམས་དང་དགྲ་ལྷའི་དཔང་བསྟོད་མཛད།”ཅེས་གསུངས་པ་ལྟར་སྐྱེས་ཆེན་དམ་པ་མང་པོས་འཐད་ལྡན་དུ་འཛིན།

    དེ་ཡང་གླིང་སྒྲུང་ཁག་གི་གླུ་ཚིག་དག་ལས།

    སྟག་པགས་ཐང་ལ་བརྒྱངས་འདྲ་དེ།།

    འདུ་ར་སྟག་ཐང་ཁྲ་མོ་རེད།།

            ཟེར་བ་ལྟར་རྒན་རབས་རྒྱུས་ཡོད་ཚོས་བཤད་སྲོལ་ལ་སྟག་དེའུ་གཟིག་དེའུ་གཉིས་ཀྱི་མགོ་ནས་བལྟས་ན་སྟག་པགས་ཐང་ལ་རྒྱངས་འདྲའི་དབྱིབས་ཡོད་པ་མ་ཟད་སྟག་གི་རྡབ་ཤར་ལྟ་བུའི་རི་མོ་ཡོད་པར་བཤད།  དེ་ལས་ཡ་མཚན་པ་ཞིག་ནི་མཚན་མོར་སྟག་དེའུ་གཟིག་དེའུ་ཀྱི་མགོ་ནས་བལྟས་ན་འདུ་སའི་སྟག་ཐང་ཁྲ་མོ་ནས་མེ་མང་པོ་འབར་བ་མཐོང་ཐུབ་ཟེར། དེ་ནི་གླིང་གི་དགུང་ཇ་བཀོལ་བའི་གནས་ཡིན་སྐད།  དེ་ལྟ་བུའི་འདུ་སའི་སྟག་ཐང་ཁྲ་མོའམ་མཚོ་གླང་ཐང་ཁྲ་མ་ཞེས་པའི་ཐང་ཞིག་ཡོད།  ཐང་སྟོད་ན་འདུ་སའི་སྟག་དེའུ་གཟིག་དེའུ་ཟེར་བའི་དེའུ་ཆུང་གཉིས་ཡོད་པ་དེ་ནི་གླིང་གི་བསང་ཁྲི་ཡིན་ཟེར་སྲོལ་ཡོད་ལ།  ཡང་ཁ་ཅིག་གིས་གླིང་གི་རྟ་རྒྱུག་སྐབས་སུ་བསང་མཆོད་ལྷ་དེའུ་མགོ་ནས་བྱས།། ལྟད་མོ་ཀླུ་དེའུ་མགོ་ནས་ལྟ།། ཞེས་པའི་བསང་མཆོད་འབུལ་ས་དང་། ལྟད་མོ་ལྟ་སའི་གནས་ལྷ་དེའུ་དང་། ཀླུ་དེའུ་གཉིས་ཡིན་པར་གསུངས། ད་དང་ཐང་དེའུ་སྔོ་རིལ་ཟེར་བའི་དེའུ་ཆུང་ཞིག་ཡོད་པ་དེ་ནི་གེ་སར་རྒྱལ་པོའི་བཞུགས་ཁྲི་ཡིན་པར་གྲགས། དེར་སྔ་དུས་སུ་གནའ་མིའི་ལག་ཤེས་ལས་ཐོན་པའི་གེ་སར་རྒྱལ་པོའི་རྡོ་སྐུ་ཞིག་ཀྱང་འདུག་ཟེར།

            ཡང་དེ་དང་ཁད་ཉེ་བའི་བྱང་ཕྱོགས་ས་ན་འབྲུག་མོའི་སྐྲ་ཁོ་ཞེས་པ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་སྐྲ་བཀྲུ་སར་གྲགས་པའི་རྫིང་བུ་ཆུང་ཆུང་ཞིག་ཀྱང་ཡོད། 

                  ཤུལ་མ་སྡེ་བའི་ལྷོ་ནུབ་མཚམས་ཀྱི་ཆར་དྲན་ཆེན་ཡུལ་ཚོ་ནས་ཡར་རྫ་ཁོག་ཏུ་འགྲོ་སའི་ལེ་དབར་ཉི་ཤུ་ཙམ་གྱི་རྫ་ཉིན་ན་ཤུལ་མ་རུ་ཆེན་བདུན་པའི་ས་ཆ་གཡའ་ནི་དང་། སྤང་ནི་ཞེས་པའི་ལུང་པ་གཉིས་ཀྱི་འདུས་མདོ་ན་ཁྲོ་ཐུང་ཕོ་གསུམ་ཞེས་པའི་དེའུ་འབུར་སུམ་ཚུགས་ཤིག་ཡོད། ས་ཆ་འདི་ནི་སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱིས་སྲིན་རྒན་ཁེ་ཚེ་རལ་བ་བཏུལ་སའི་གནས་ཡིན་ཟེར། 

    དེ་ཡང་སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱི་གླུ་ཚིག་ལས།

    གཡའ་ནི་གཡས་ལ་སྤང་ནི་གཡོན། ། གཡའ་སྤང་གཉིས་ཀྱི་འདུས་མདོ་ན། །

    ཤུག་པ་གཡག་རྔ་ཙམ་ཞིག་གདའ། ། ཆུ་མིག་ཕོར་ཁ་ཙམ་ཞིག་གདའ། །

    བྲག་རི་དམར་གཏོར་གཤམ་འདྲ་གདའ། ། ཁོ་ཚོ་རོགས་པའི་ཟེར་རྒྱུ་ལ། །

    བཙན་བདུད་གནས་པའི་ས་འདྲ་ཟེར། ། ཨ་ཁུ་འདི་ནས་མ་འདུག་ཟེར། །

    ང་ཨ་ཁུ་མ་སྐྲག་ཁ་རོགས་བསྡད། ། ཕྱི་ཉིན་ནམ་གྱི་སྐྱ་རེངས་ལ། །

    ཕོ་རྫ་ཁྲོག་སྒྲ་ཉིལ་ལེ་དང་། ། མོ་རྫ་ཆག་ཕྱེ་ཐ་རེ་ཐལ། །

    སུ་ཡིན་གང་ཡིན་ལྟ་དུས་ན། ། སྲིན་རྒན་ཁེ་ཚེ་རལ་བ་ཁོ། །

    མེ་སྟག་འཚུབས་སེ་ཐོན་ནས་གདའ། ། ང་སྐ་རག་མ་བཅིང་སྦོ་ལུག་ཡིན། །

    ལྷམ་སྒྲོག་མ་བཅིང་ཉྭ་ལུག་ཡིན། ། སྲིན་རྒན་ཁེ་ཚེ་རལ་བ་ཁོ།། 

    ཨ་ཁུ་ཁྲོ་ཐུང་རྒྱལ་པོ་ངས། །འཇུ་ཐེངས་གཅིག་གིས་ས་ལ་གནན། །

        ཟེར་བའི་གླུ་ཚིག་དང་མཐུན་པ་གཡའ་ནི་དང་། སྤང་ནི་གཉིས་ཀྱི་འདུས་མདོ་ན་ཕོ་གསུམ་ལྟ་བུའི་དེའུ་འབུར་གསུམ་ཡོད་པ་འདི་དག་ལ་དཔྱད་ན་ས་ཆ་འདི་རུ་སྲིན་རྒན་ཁེ་ཚེ་རལ་བ་ཨ་ཁུ་ཁྲོ་རྒྱལ་གྱིས་ཇི་འདྲའི་ངན་བསད་བྱས་ཡོད་དམ་སྙམ་པའི་ཚོར་བ་སྟེར་ཐུབ།

              ཤུལ་མ་སྡེ་བའི་ས་ཡི་དཀྱིལ་ལམ་ལྟེ་བའི་ཚོད་དུ་གནས་པའི་དྭངས་འབྲིང་གཉིས་ཀྱི་ཡ་གྱལ་འབྲིང་མོའི་ལུང་པ་ནི་དྲན་ཆེན་ཡུལ་ཚོ་ནས་ཤར་ཕྱོགས་སུ་ལེ་དབར་དགུ་ཙམ་གྱི་ས་ན་ཡོད། དེ་ཡང་ཤུལ་མ་དགོན་དགའ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་གི་གཡོན་ཕྱོགས་ཀྱི་ལེ་དབར་གསུམ་ཙམ་གྱི་ས་ན་རྟེའུ་སྔོན་ཆུ་འགོ་ཟེར་བ་དགུན་ཟླ་འབྲིང་པོའི་དུས་སུའང་འཁྱག་རོམ་ལུག་ཆུང་ཚ་དཀར་གྱོན་མི་དགོས་པའི་ཆུ་མིག་ཡ་མཚན་ཅན་ཞིག་ཡོད་པ་དེ་ནི་སྟག་རོང་ཁྲོ་ཐུང་རྒྱལ་པོའི་ཐུགས་སྲས་གདུང་བཙན་སྣང་ངུ་ཨ་པཎ་གྱི་ཆིབ་པ། འདོ་བ་གཡུ་བྱ་རྟེའུ་སྔོན་གྱིས་ལག་བྲད་བྱས་ནས་བཏོན་པར་གྲགས། 

            ཡང་དགོན་པའི་གཡས་ཕྱོགས་ཀྱི་ལེ་དབར་གཅིག་ལྷག་གི་ས་ན་རྒྱ་རྒན་ཆུ་འགོ་ཞེས་པ་མཐའ་འཁོར་དུ་ས་སུནྡྷུ་ར་ཡི་གཏེར་ཁ་ཡོད་པར་གྲགས་པའི་ཆུ་མིག་ཡ་མཚན་པ་ཞིག་ཡོད་པ་དེ་ནི་གེ་སར་རྒྱལ་པོའི་ཕུ་བོ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཆིབ་པ། འདོ་བ་རྒྱ་བྱ་སོག་དཀར་གྱིས་བཏོན་པར་གྲགས།

              ཤུལ་མ་སྡེ་བའི་ཤར་སྨད་ཀྱི་མཚམས་ན་ཡོད་པའི་མཇལ་ཐང་སྨན་ལྗོངས་ཕྱུག་མོ་ལ་འཇའ་ཐང་ངམ་མཇལ་ཐང་ཞེས་འབྲི་སྲོལ་གཉིས་ཡོད་པ་ལས།        དང་པོ་ནི། དབྱར་གསུམ་གྱི་དུས་སུ་མེ་ཏོག་དཀར་དམར་སྣ་ཚོགས་ཁྲ་ཆིལ་ལེར་བཞད་དེ་འཇའ་ཚོན་རྣམ་པར་བཀྲ་བ་ལྟ་བུ་ཡོད་པས་འཇའ་ཐང་ཞེས་གྲགས་པ་དང་། དེ་ཡང་ལོ་རྒྱུས་ཡིག་ཆ་ཁག་དང་། བསང་ཡིག་ཁག་གི་ནང་དུའང་། འཇའ་སྟོད་དང་མོ་དིལ་དཀར་འཁོར་བཅས་བསངས།། ཞེས་བྲིས་འདུག་པ་མཁས་དབང་སྐྱུ་རའི་བསམ་གཏན་རྣམ་རྒྱལ་གྱིས་གསུངས།      ཡང་ན། ཕུ་བོ་རྒྱ་ཚ་ཞལ་དཀར་འཇའ་འོད་ཀྱི་ཀློང་ནས་ཐང་ཆེན་འདིར་ཕེབས་པར་བཤད་པས་འཇའ་ཐང་ཞེས་ཐོགས་ཟེར་ནའང་ཆོག་པར་སེམས། 

                  གཉིས་པ་ནི། སྔར་ཧོར་གླིང་གཡུལ་འཁྲུག་གི་རྗེས་སུ་ཤན་འདན་ནང་འཁྲུག་བྱས་ནས་འདན་མ་འདན་ཡུལ་དུ་བུད་པའི་ལམ་བར་ནས་གེ་སར་རྒྱལ་པོས་ཐུགས་སྨོན་དང་། ཨོ་རྒྱན་པདྨས་ལུང་བསྟན་བཞིན་ཕྱིར་གླིང་ཡུལ་དུ་ཕེབས་སྐབས་སྤྱི་དཔོན་ཁྲ་རྒན་གཙོས་གླིང་གི་དཔའ་ཐུལ་ཚོས་འདན་མར་ཕེབས་བསུ་བྱས་ནས་ཐང་ཆེན་འདིར་སྒར་བཏབ་པ་དང་། བློན་འདན་མའི་དམག་དཔུང་ཡང་དེ་དང་ཉེ་བར་སྒར་བཏབ། ཕྱི་ཉིན་ནམ་མཁའི་འཇའ་འོད་ཀྱི་ཀློང་ནས་ཕུ་བོ་རྒྱ་ཚ་ཞལ་དཀར་དེ་ཉིད་འཁོར་གསུམ་གྲ་མ་ཡ་ལེ་གསོན་པོའི་ཚུལ་གྱིས་བྱོན་ནས་གླིང་པ་རྣམས་ལ་ཞལ་མངོན་སུམ་དུ་བསྟན་པས་ཤི་གསོན་ངོ་ཐུག་དང་། ཕུ་ནུ་མཇལ་ཕྲད་གནང་སའི་ཐང་ཡིན་པར་གྲགས།  དེ་ནས་བཟུང་གླིང་གི་དཔོན་དམག་ཚོས་ཐང་འདི་ནི་གླིང་དཀར་པོའི་གཞི་བྱེས་འཛོམས་ས་དང་། ཤི་གསོན་ངོ་མཇལ་གྱི་ཐང་ཡིན་ནོ་ཞེས་ཀི་བསོ་ལྷ་རྒྱལ་གྱི་སྒྲ་ཡང་ཡང་བསྒྲགས་པས་ཕྱིས་སུ་མཇལ་ཐང་ཞེས་མིང་དུ་ཐོགས་པར་གྲགས།  འདི་ནི་མཁས་དབང་སྐྱུ་རའི་བསམ་གཏན་རྣམ་རྒྱལ་གྱིས་ཤིན་ཏུ་འཐད་པར་གསུངས་ཏེ། “ད་ཕྱིན་ཆད་རང་གཞན་ཚང་མས་ཐང་འདིའི་མིང་ལ་མཇལ་ཐང་ཞེས་འབྲི་ཞིང་བཀླགས་པར་བྱའོ།། “ ཞེས་གསུངས་འདུག   

          ཡང་ཁོང་གིས་མཇལ་ཐང་གི་རྒྱ་ཁྱོན་གསུངས་པའི་ཐད་དུ། “འོ་ན་མཇལ་ཐང་ཞེས་པའི་ཐང་གི་རྒྱ་ཁྱོན་ཇི་ཙམ་ཡིན་ཞེ་ན། དེ་ནི་ཁྲ་སྡོམ་སྟག་མོ་འདུས་མདོ་མན་ཆད་ནས་ཡག་གི་ཉི་ཟླ་ཁ་མདོའི་ཡན་ཆད་ཀྱི་ས་ཆ་དེར་ངོས་འཛིན་དགོས་ཤིང་། དེ་ན་གླིང་གི་བྱུང་བ་དང་འབྲེལ་བའི་ས་ཆ་མང་པོ་གླིང་སྒྲུང་ནང་གི་མིང་མ་འགྱུར་བ་ད་ལྟ་མངོན་སུམ་ཡོད་དེ། འདུ་སའི་སྟག་དེའུ་གཟིག་དེའུ་ཞེས་པའི་དེའུ་འབུར་གཉིས་ཡོད་པ་ནི་སྔ་བསང་ཁྲི་ཡིན་པར་གྲགས། དེ་ནས་མར་སོང་བ་ན་ཁྲོ་ཐུང་ཕོ་གསུམ་ཞེས་པའི་དེའུ་གསུམ་ཡོད། དེ་ནི་གླིང་སྒྲུང་ནང་ཨ་ཁུ་ཁྲོ་ཐུང་གིས་སྲིན་རྒན་ཁེ་ཚེ་རལ་བ་བཏུལ་བའི་ས་དེ་ཡིན་པར་གྲགས།  དེ་ནས་མར་སོང་བ་ན་ཡུལ་ལྷ་དྭངས་མོའི་དེའུ་དཀར་གྱི་འདབས་སྤང་གདོང་ལ་ཆུ་མིག་ཅིག་ཡོད་པ་དེ་ནི་གླིང་གི་རྟ་རྒྱུགས་དུས་སུ་གདོང་བཙན་ཨ་དཔལ་གྱི་ཆིབ་པ་གཡུ་བྱ་རྟེའུ་སྔོན་ཁ་སྐོམ་ནས་ས་ལ་ལག་བྲད་བྱས་པས་ཆུ་མིག་བརྡོལ་བ་སྟེ། མིང་ལ་རྟེའུ་སྔོན་ཆུ་འགོ་ཟེར། དེ་དག་ལ་སོགས་པ་སྒ་འབྲུ་གཉིས་ཀྱི་ས་ཆ་འདིར་གླིང་སྒྲུང་དུ་ཡོད་པའི་རི་ཆུ་ཐང་གསུམ་གྱི་མིང་མང་པོ་ཡོད་ཀྱང་ཕལ་ཆེར་ཞིབ་འཇུག་པ་རྣམས་ཀྱིས་ཡིག་ཐོག་ཏུ་འཁོད་ཟིན་པས་འདིར་རྗེས་ཟློས་མི་བྱེད་དོ།།”ཞེས་གསུངས་སོ།།

          ཐང་ཆེན་འདིའི་ཐང་སྟོད་ཤུལ་མ་སྡེ་བའི་ས་ཆ་དང་། ཐང་སྨད་མཁར་ནང་སྡེ་བའི་ས་ཆ་ཡིན།

          གོང་གསལ་གྱི་རི་ཆུ་ངོ་སྤྲོད་འདི་དག་གནའ་མིའི་ངག་རྒྱུན་དང་། གླིང་སྒྲུང་ཁག་ཏུ་འཁོད་པ་གཅིག་མཐུན་དུ་ཡོད་པ་བཞིན་བྲིས་པ་ལས་འཁྱོག་བཤད་དང་རྫུན་བཟོའི་དྲི་མས་མ་སྦག་པ་ཡིད་ཆེས་བྱེད་ཆོག

                                      2018-5-25

    相关文章

      网友评论

          本文标题:དགེ་རྩེ་ཨ་སྐྱབས་ཤུལ་མའི་རི་ཆུ་ངོ

          本文链接:https://www.haomeiwen.com/subject/gxoyjftx.html