美文网首页
ལྕང་སྡོང་ཁེར་སྐྱེས།

ལྕང་སྡོང་ཁེར་སྐྱེས།

作者: slzm | 来源:发表于2016-04-07 17:53 被阅读25次

     
                                       དམར་ཁ་ཚ།
    སྐམ་ཞིང་གྱོང་བའི་ཞིང་རྒོད་གྲུ་བཞིའི་གྲུ་ག་ན།།
    རྒོད་ཉམས་དོད་ཅིང་ཨམ་གཙིགས་བསྡམས་པའི་ངང་ཚུལ་ལས།།
    རྒས་པའི་གཉེར་མ་རྔུལ་ཆུས་བརྐོས་པ་ཅིས་མ་ཡིན།།
    ལོ་ཟླའི་གཤེད་མས་བཙན་འཛུལ་བྱས་པ་ཉུང་ཚོད་མིན།།

    དགོད་པའི་འཛུམ་ཆུང་སྐྱི་བསེར་རླུང་བུས་བསུབ་པར་དོགས།།
    ལྗང་མདོག་གསོན་ཤུགས་ན་ཆུང་དུས་ཀྱི་ལོ་རྒྱུས་ཤིག།
    གཏམ་དང་ཀུ་རེའི་སྨྲ་ལྕེའི་ནུས་པ་མེད་པ་འདི།།
    ཁེར་རྐྱང་འཚོ་བའི་གོ་རིམ་ཁྲོད་ནས་ལྐུགས་ཚོད་རེད།།


    སྐྲ་ལོ་ཟད་ཅིང་ལུས་པོ་རིངས་བའི་སྡོང་རྒན་ཁྱོད།།
    རོ་སྒམ་གཉིས་ཀྱི་བར་ན་ལུས་པ་འདིར་བལྟས་ན།།
    ཁྱེད་ཀྱི་འགན་འཁྲི་མི་དམན་ཞིང་འདིའི་ཞིང་བདག་འདྲ།།
    ལོ་རྒྱུས་མི་ཐུང་མི་རབས་གཅིག་ཙམ་ཟད་རག་བར།།

    ཡར་ལ་གཟིགས་ན་སྔོ་བསིང་བུ་མོའི་ཞལ་རས་ཙམ།།
    མར་ལ་ཉན་ན་ས་རྒོད་མཁྲེགས་པོས་སྨེ་ངག་རེད།།
    གཡས་ལ་བོས་ན་གད་ཕུག་སྐྱ་བོས་སྟོང་སྐད་ཙམ།།
    གཡོན་ལ་སྙབ་ན་རང་སྐྱ་ཟགས་པའི་ཆ་ཤས་ཡིན།།

    འདི་ལྟར་བསམ་ན་ཁྱོད་དང་འུ་གཉིས་ལས་དབང་འདི།།
    མ་བགྲོས་རང་མཐུན་གནམ་བསྐོས་གོང་མས་བཀོད་སྒྲིག་རེད།།
    ཁྱོད་ལ་སྐྱོ་བའི་གནས་ལུགས་བརྒྱ་དང་རྒྱུ་མཚན་སྟོང་།།
    ང་ལ་ཁེར་རྐྱང་སྣང་བ་ཁྲི་མ་འབུམ་འགྱུར་ཞིག།
     
                                                 2016/04/07
                                                 ཞིང་ཁ་ཞིག་ནས།

    相关文章

      网友评论

          本文标题:ལྕང་སྡོང་ཁེར་སྐྱེས།

          本文链接:https://www.haomeiwen.com/subject/gxtvlttx.html