美文网首页
༢༠༢༠ བདེ་མོ་བྱོས།

༢༠༢༠ བདེ་མོ་བྱོས།

作者: SONAM0 | 来源:发表于2020-12-31 23:55 被阅读0次

    དེ་རིང་ནི་ཕྱི་ལོ་༢༠༢༠ལོའི་ཟླ་༡༢ཚེས་༣༡ཉིན་ཡིན་པས་ཉུ་ཤུ་ལོའོ་ཆེས་མཇུག་གི་ཉིན་མོར་ཁེལ་ཡོད། ཉིན་འདི་ལ་མང་ཆེ་བས་ཉི་ཤུ་ལོར་བསྡོམས་ཚིག་བཀོད་དེ།  ལོ་གསར་བའི་འཆར་གཞི་དང་དམབཅའ་སྒྲོག་བཞིན་འདུག ངོས་རང་ལ་མཚོན་ན་༢༠ལོ་ནི་བལྟས་འཇོག་གི་ཅུང་ལེགས་འགྲུབ་དང་སློབ་གཉེར་གྱི་འབྲས་བུ་གཡར་དུ་ཟ་བའི་ལོ་ཞིག་ཏུ་བགྲངས་ཆོག རང་ཉིད་ཀྱི་དམ་བཅའ་དང་འཆར་གཞི་གཙོ་ཆེ་བ་ཁ་ཤས་གེགས་མེད་ལྷུན་གྱིས་གྲུབ་པའི་ལོ་ཞིག་ཀྱང་ཡིན། མ་ཟད་མི་ཚེའི་ནང་ད་ལོ་ནི་རང་ཉིད་ལ་ཆེས་འགན་ཁུར་བ་དང་གཟབ་ནན་བྱས་པའི་ལོ་ཞིག་ཡིན་པས། དཀའ་སྡུག་གང་མང་ལ་ནུས་ཚོད་ཀྱིས་གདོང་གཏད་པ་ཡང་བཤད་མ་དགོས། ད་ལོར་ངོམ་རིམ་ཡོད་པའི་བྱ་བཞག་གཙོ་བོ་ཅི་ཞིག་འགྲུབ་སོང་ཟེར་ན། ན་ནིང་ནས་འགོ་བཟུང་སྟེ། ཉི་མ་དེ་རིང་གི་བར་དུ་ཉིན་གཅིག་ལ་ཡང་རྩོམ་ཐུང་ངམ་ཉིན་ཐོ་རེ་འབྲི་རྒྱུ་ཆད་མྱོང་མེད། ལོ་གཅིག་གི་ཡུན་ལ་ཉིན་གཅིག་ལ་ཡང་མ་ཆད་པར་རྩོམ་ཐུང་རེ་འབྲི་ཐུབ་སོང་བ་དེ་ནི། རང་ལ་མཚོན་ན་མི་ཚེའི་ནང་བྱུང་མྱོང་མེད་པའི་ལེགས་འགྲུབ་དང་རྒྱལ་ཁ་རྩ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་ལ། གཟི་བརྗིད་ཅིག་ཏུ་སྒོམ་བཞིན་ཡོད། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་འབད་འབོངས་གིས་ཟད་པའི་ཟླ་ངོ་དག་དེ་དག་ནི་ཇི་འདྲའི་ཡིད་དུ་འོང་། ཇི་འདྲའི་དོན་སྙིང་ཆེ་ཞིང་གསོན་ཤུགས་ལྡན་པ་ལ། ཕྱིར་དྲན་འདི་ལྟ་བུས་ད་གཟོད་རང་མི་ཚེར་ལམ་སྟོན་མཛད་ཅིང་རིན་ཐང་བསྩལ་ཡོང་། བདེ་སྐྱིད་བསྐྲུན་ཡོང་ངོ་།།  འདི་ནི་རང་གིས་རང་ལ་འགན་འཁུར་སྟངས་དང་རང་གི་ཚེ་སྲོག་ལ་དོན་སྙིང་སྩོལ་སྟངས་དེའོ།། ལོ་གསར་བའི་ནང་དུ་སྔར་བཞིན་དམ་བཅའ་གཙོ་བོ་ཞིག་ཡོད་པ་དེ་ནི། སང་ལོའི་ཉི་མ་དེ་རིང་དུ་བར་དུ་ཡང་བསྐྱར་ཉིན་རེར་རྩོམ་ཐུང་རེ་ཆད་མེད་དུ་འབྲི་རྒྱུའི་མི་འགྱུར་དམ་བཅའ་རྩ་ཆེན་པོ་བཞག་ཡོད་པ་དེའོ།། ཁ་དོན་ཚིག་ལ་གནས་ཐུབ་མིན་དུས་ཚོད་ཀྱིས་ར་སྤྲོད་བྱ་ངེས་ལ། སང་ལོའི་དེ་རིང་གི་ཉིན་མོར་ཁྱེད་ཚོར་གསལ་བསྒྲགས་བྱ་ངེས་སོ།། དམ་བཅའ་དང་འཆར་གཞི་གཞན་ཡང་ཡོད་མོད། དེ་དག་གླེང་དགོས་མི་འདུག མདོར་ན། ལོ་གསར་བ་ནི་དཀའ་སྡུག་གིས་འདས་དེ། འབད་འབོངས་ཀྱི་འཐབ་རྩོད་ནས་ཟད་ཐུབ་རྒྱུའི་རེ་བ་ལྕི་ལ། རྩ་བའི་དམ་བཅའ་དང་རྒྱབ་འགལ་དུ་མི་འགྲོ་བའི་སྨོན་འདུན་གྲངས་མེད་ཡོད་དོ།།

    相关文章

      网友评论

          本文标题:༢༠༢༠ བདེ་མོ་བྱོས།

          本文链接:https://www.haomeiwen.com/subject/hgedoktx.html