{ ང་དུར་ཐང་ནས་སླེབ་ཅིང་དུར་ཐང་ནས་ཆས། }
ལས་སྨོན་ཞིང་ལ་བཏབ་པའི་གཤིན་ཡུལ་ན།།
སྔངས་དཀྲག་ཁྲི་མ་འབུམ་གྱི་སྟོན་མོ་བཤམ།།
རྣམ་ཤེས་ཆུང་གི་བཟི་བའི་སྨྱོན་པ་བདག།
སྐྱི་གཡའི་དུར་ཐང་དེ་ནས་འདི་རུ་སླེབ།།
རྐང་རྗེས་ཁྲག་གི་བྲིས་པའི་ཡུལ་ཁམས་ན།།
མིག་ཆུའི་ཆར་བ་བབས་པའི་གཏམ་རྒྱུད་ཡོད།།
ངུ་སྐད་སྙིང་ལ་གཟན་པའི་ཚོར་སྣང་ཡང་།།
སྲིད་པའི་སྟེ་ཐག་འདི་ལ་འབྲེལ་ནས་བྱུང་།།
རི་ལུང་གོམ་པས་གཞལ་བའི་ཕ་ས་ན།།
དགའ་སྐྱོ་ཐང་མལ་བདལ་བའི་འབྱུང་བ་མངའ།།
རྟ་ནོར་རི་ལ་བཀྲམ་པའི་རྒྱབ་ལོག་ནས།།
སྲིད་པའི་ཨ་མྱེ་བགྲེས་པོའི་སྐྲ་ལོ་སྤུར།།
རྣམ་ཤེས་མིན་པར་ཐིམ་པའི་རི་གྲོང་ན།།
ང་ཉིད་ཁྱོད་ལ་འབྲེལ་བའི་གཏན་ཚིག་མཆིས།།
ཆགས་སྡང་དབལ་ཁ་རྣོ་བའི་འཁོར་བསྐྱོད་མ།།
འབྱུང་ལྔའི་ཀློང་དུ་སིམ་པའི་སྟ་གོན་བསྐྲུན།།
ཟུར་མིག་ཁྱོད་ལ་འཁྲེང་བའི་གྲུ་ཁ་འདིར།།
རིམ་དགུ་དོང་དུ་གླེབ་པའི་གསང་བ་ལྡན།།
གཉེར་རིས་ཐོད་ལ་བརྩེག་པའི་ས་མཐའ་བ།།
མི་ཚེ་འདི་ལྟར་ཟད་པའི་རྡོ་རིང་བསྐྲུན།།
སྐྲ་ལོ་རླུང་ལ་བསྐུར་བའི་དུར་ཐང་ན།།
གཏན་དུ་སྒོ་ལ་ཆས་པའི་གདུང་བ་གྲུབ།།
ཤ་རུས་དུམ་བུར་གསིལ་བའི་རྒྱུ་འཕྲུལ་དེ།།
ང་ལས་སུ་ལ་གྲུབ་པ་ཆོས་ཉིད་དོ།།
མུན་པས་རི་ལུང་གཡོག་པའི་རྨི་ལམ་ན།།
རང་ཉིད་རང་གི་བརྗེད་པའི་སྣང་བ་སྲིད།།
དྲན་གདུང་སྟོང་གི་འབོད་པའི་ཅང་བརྡ་ཡང་།།
འདི་ནས་མར་མེ་ཅི་བཞིན་ལྷེམ་གྱི་གཟིམས།།
2017_11_15_ཉིན་ས་མཐའ་བས།
网友评论