ཨ་ཕ། ཨ་མ། ད་ལྟ་ང་ཡོད་ས་འདི་ན་ཁ་བ་འབབ་ཀྱིན་འདུག། ཁ་བ་འདིའི་འབབ་སྟངས་ཀྱིས་ང་རང་བྱིས་དུས་ཀྱི་དཔྱིད་ཀར་ཁྲིད་ལ། ཕ་ཡུལ་གྱི་སྔས་སུ་བསྐྱལ་བར་བྱེད། ཨ་མ། ད་ལྟ་ད་དུང་ནོར་གནག་གི་ལྷས་འདབས་ནས་མ་ཎི་དབྱངས་སྙན་ལྷགས་རླུང་ལ་སྲེ་བཞིན་ཨེ་ཡོད། ཨ་ཕ། ད་ལྟ་ད་དུང་རྟ་ཁྱུའི་གྲིབ་ནག་མཁའ་མཐར་འདེད་བཞིན་ཨེ་ཡོད། ཡང་ན། ད་ལྟ་ཁྱེད་གཉིས་ཀྱི་བུ་ཆུང་གི་གཏམ་རྒྱུད་ལྷ་སྒྲུང་དུ་གཞེངས་ཀྱིན་ཨེ་ཡོད།
འདི་ལྟར། དབྱར་དགུན་སྟོན་དཔྱིད་ཀྱི་ཚ་གདུག་དང་ཆར་ཞོད་གདོང་གིས་བསུས་ནས་ད་བར་སོང་ཡང་། དགའ་སྐྱོ་འཇིགས་དངངས་ཀྱི་གཡང་གཟར་དང་གྲོག་རོང་བརྩེ་བས་བརྒལ་ནས་ད་ལ་ཐུག་ཀྱང་། ད་ལྟ་ད་དུང་མཆི་མས་གང་བའི་མིག་ཟུང་མ་འོངས་ལ་བཅེར་ནས་ཡོད་དམ། གཉེར་མས་ཁེངས་པའི་ལག་ཟུང་ཕྱི་རབས་ལ་བསྲིངས་ནས་ཡོད་དམ།
ཨ་ཕ། འདི་ལྟར་སུས་ཀྱང་མི་མཐོང་སའི་ལུང་ཁུག་ཅིག་ནས་ཁྱེད་ཀྱི་སྐྲ་ལོ་རེ་རེ་ནས་ཁ་བས་འཕྱག་གིན་གདའ། ཁྱེད་ཀྱི་འཛུམ་རིས་རེ་རེ་ནས་གཉེར་མས་བསུབ་ཀྱིན་འདུག། ཨ་མ། དེང་སང་རྒྱུན་ལྡན་མིན་པའི་མཆི་མ་རྡོག་པོ་འགའ་ཁྱེད་ཀྱི་མིག་མཐར་འཁོར་བཞིན་གདའ། བརྗོད་དོན་མི་རྙེད་པའི་ཟ་ཟི་མང་པོས་ཁྱེད་ཀྱི་རྣ་བ་འོན་བཞིན་འདུག ངོ་མ། དུས་ཚོད་ཀྱིས་ཁྱེད་གཉིས་འདི་ལྟར་རྒྱང་དུ་ཁྲིད་ཀྱིན་འདུག
ནར་སོན་གྱིན་སོན་གྱིན། ངས་ཁྱེད་གཉིས་དྲན་པ་ཇེ་ཟབ་ཡིན་ལ། ས་མཐར་སོང་གིན་སོང་གིན། ངས་ཁྱེད་གཉིས་རྨིས་གྲངས་ཇེ་མང་ནས་ཇེ་མང་ཡིན།
མཚམས་རེར། ངས་རང་ཉིད་བྱིས་པ་བསམ་མེད་ཅིག་དང་འདྲ་བར་རི་མཐོ་སར་འགོས་ནས། སྐད་མཐོན་པོས་ཨ་མ་ཞེས་འབོད་ན་འདོད་ཡོང་། ངུ་ན་འདོད་ཡོང་། ངས་ད་དུང་ཨ་མའི་པང་དུ་མགོ་བོ་བསྔས་ནས། ནུ་འོ་འཐུང་ཞོར་མི་རོ་རྩེ་སྒྲུང་ལ་ཉན་ན་འདོད། ཡིན་ནའང་དེ་དག་ཡོད་ཚད་དུས་ཚོད་ཀྱིས་རྒྱང་དུ་བསྐྱལ་ཟིན་པས་མཚན་མོའི་རྨི་ལམ་དུའང་རྨིས་དཀའ་བར་འདུག།
ཨ་ཕ། དོ་དགོང་ངས་ཁྱེད་ཀྱི་རུམ་དུ་ཉལ་ནས་ཇ་ལྷག་ལ་རྩོད་པ་བརྒྱབ་པའི་ངང་ཚུལ་དྲན་བཞིན་ཡོད། ངའི་མི་ཚེ་འདིར་ཁྱེད་ཀྱི་ཕོར་ལྷག་ལས་ཞིམ་པ་ཞིག་གཏན་ནས་ཟོས་མྱོང་མེད་པ་འདྲ། འདི་ལྟར་བསམ་ན་དུས་ཚོད་ཕྱིར་ལྡོག་མེད་པར་འཁང་ར་ཤོར་ཡོང་།
མཚམས་རེར་ངས་མི་ཡུལ་གྱི་རྐང་ལམ་འདི་ཧ་ཅང་དོག་སྣང་སྐྱེས་མྱོང་། ཡང་སྐབས་འགའ་རེར་ངས་ཁེར་རྐྱང་གི་མལ་ས་འདི་ཧ་ཅང་འཁྱག་སྣང་ཡང་ཤར་མྱོང་། ཡིན་ནའང་ངས་འཇིག་རྟེན་འདི་ནས་ཆ་རྐྱེན་མེད་པར་ང་ལ་བརྩེ་ཞིང་བྱམས་མཁན་ནི་ཕ་མ་གཉིས་ཁོ་ན་ཡིན་པའང་གཏན་ནས་བརྗེད་མ་མྱོང་བས། ངས་རང་གི་མི་ཚེའི་ཁ་མདོག་དེ་ཕྱོགས་གཞན་ཞིག་ནས་མངོན་པར་ཨུ་ཚུགས་རྒྱག་གིན་ཡོད།
ཨ་ཕ། ཨ་མ། ཁྱེད་གཉིས་ངོ་མ་བཀའ་དྲིན་ཆེ། ཁྱེད་གཉིས་ཀྱིས། དཀའ་སྡུག་གི་རི་བོ་བརྩེགས་ནས་ང་ལ་ཞི་འཇམ་གྱི་འཚོ་བ་བསྐྲུན་པར་བཀའ་དྲིན་ཆེ།
ཁྱེད་གཉིས་ཀྱིས། འབད་འབུང་གི་རྔུལ་ཁྲག་བསགས་ཏེ་ང་ལ་འོད་ཟེར་གྱི་བཞུད་ལམ་བསྩལ་བར་བཀའ་དྲིན་ཆེ། ངས་རི་སུལ་འདི་ནས་མང་པོ་ཞིག་མ་རྙེད་ཀྱང་ཆོག། ངའི་ཕྲ་ཕུང་མང་ཤོས་འདི་ནས་ལྟོགས་གྲིར་ཤི་ཡང་རུང་། འོན་ཀྱང་ཁྱེད་གཉིས་ཀྱི་འཛུམ་མདངས་དྲོན་མོས་ང་ལ་རྟག་ཏུ་མགོན་སྐྱབས་གནང་ཞིང་། ཁྱེད་གཉིས་ཀྱི་བཀའ་དྲིན་ཟབ་མོས་ང་ལ་ནམ་ཡང་རེ་བ་གསར་པ་དང་དམིགས་འདུན་སོ་མ་ཇི་སྙེད་ཅིག་སྩོལ་འོང་བས། བདག་གི་ལང་ཚོ་ནམ་ཡང་སྟོབས་ཤུགས་ཀྱིས་བལྟས་ཏེ་ཡོད། བདག་གི་སེམས་ཁོང་རྟག་ཏུ་ཡིད་ཆེས་ཀྱིས་ཁེངས་ཏེ་ཡོད། དེ་བས་བདག་གི་འཚོལ་སྙེག་གི་རྡོག་སྣེ་སྲིད་མཐར་བསྲིང་ཆོག ༢༠༡༧࿂༢༤
网友评论