མཆོག་སྤྲུལ་རབ་གསལ་ལ་ཕུལ།
བཀའ་བརྒྱུད་བསྟན་པའི་དཀྱིལ་འཁོར་འཇིགས་ཤུལ་ཏུ།།
གཡང་དྲུང་མཛེས་པའི་ཁ་དོག་བོར་འཚམས་སུ།།
སྔ་འགྱུར་ཉི་ཟླ་འདྲུད་པའི་ཤིང་རྟ་བས།།
སྡེ་འདིའི་བསྟན་པའི་ཀ་ཆེན་བཞེངས་སྐད་གདའ།།
འཆི་མེད་གྲུབ་པའི་སྐུ་བརྙེས་ཉི་མ་གྲགས།།
ལེགས་བཤད་གདམས་པའི་མཛོད་འཆང་ཀུ་ལུ་བ།།
མཁྱེན་རབ་དགོངས་པའི་རྩལ་རྫོགས་ཁྲི་ནག་མ།།
སྐྱེས་ཆེན་གསེར་ཕྲེང་སོ་མས་འཁྱུད་རབས་ཐོས།།
ལོ་རྒྱུས་འདས་པའི་བཤུལ་ལམ་རིང་མོ་སྟེ།།
དེང་སྐབས་གཞོན་པ་ང་ཚོའི་རྨི་ལམ་ཉིད།།
ཡིན་ཡིན་འཇའ་ཚོན་གྲུབ་པའི་མཛེས་པ་འདིས།།
དངོས་ཡོད་འཚོ་བའི་ཁམས་ལ་ཁེ་ཕན་ཞན།།
ལོ་ཟླའི་བར་ཐག་མཁྲེགས་པའི་མེས་པོ་ཡི།།
ས་བོན་ཁྲག་ཏུ་གདབས་པའི་ཤཱཀྱའི་བསྟན།།
དུག་གསུམ་རྟོག་པའི་ཁམས་སུ་འགྲིབ་པ་ན།།
སྡེ་འདིའི་བསྟན་པ་ཅི་འགྱུར་དོགས་པ་ལྕི།།
ལ་ལ་དབང་ཆེན་ཐོབ་དང་གོ་སའི་སྨྱོ།།
འགའ་ཞིག་འདོད་ཆེན་ནོར་དང་མཛེས་པས་བསླུ།།
གཡོ་ཟོལ་ཚིག་གིས་བསླད་པའི་འཇིག་རྟེན་དེར།།
མགོན་ཁྱེད་དཀར་སེར་ཉི་ཟླའི་འོད་ཟེར་ཡིན།།
ཆོས་ཉིད་དོན་གྱི་དྭངས་གསལ་ནམ་མཁའི་ཁམས།།
ཆོས་ཅན་སྣང་བའི་བག་ཆགས་ཀློད་གྱུར་ནས།།
རིག་སྟོང་གདོད་མའི་བཙན་ས་ཅིག་ཆར་ཏུ།།
བགྲོད་པ་ཁྱེད་ཉིད་ཙམ་ཞེས་ངག་ནས་ཐོལ།།
དུས་ནི་མི་འགྱུར་མི་རྣམས་འགྱུར་ཡོང་ཞེས།།
ལེགས་བཤད་ཚིག་གིས་བདེན་པའི་རྟགས་མཐོང་བས།།
མི་འགྱུར་གཤིས་ཀྱི་དཀྱིལ་འཁོར་ཡ་མཚན་སྐུ།།
ཁྱེད་ལྟར་སྲིད་པ་འདི་རུ་ཡོད་རེ་ཀན།།
བ་ལང་མི་ཤའི་གཟུགས་འཛིན་སྡེ་ཚོགས་ཀྱིས།།
རྨོངས་མུན་དུག་གི་འབེན་ལ་ཤེས་རབ་མདས།།
རྣམ་དཔྱོད་འོ་མའི་བདུད་རྩི་སྩོལ་བ་སོགས།།
མཛད་བཟང་གསེར་ཀྱི་འཁོར་ལོ་བག་རེ་བྲོད།།
བྱམས་པ་སྙིང་རྗེའི་ཟུང་འབྲེལ་བོད་མའི་རྒྱན།།
ཤ་ཁྲག་ཟས་སུ་རོལ་བ་དུད་འགྲོའི་ལས།།
ཞེས་གསུང་སེམས་ཅན་ཡོངས་ཀྱི་སྲོག་གི་ཆེད།།
དམར་ཟས་རིང་དུ་སྤངས་བའི་བསྐུལ་མ་གནངས།།
རྒྱ་ཆེན་ལོངས་སྤྱོད་ལྡན་ན་ཕྱུག་པོ་མིན།།
རྣམ་མང་གཞུང་ལ་མཁས་ན་ནོར་བུ་ཐོབ།།
ཞེས་ཀྱང་ལེགས་བཤད་གསུང་དང་ཆབ་ཅིག་ཏུ།།
ཡིག་རྨོངས་དྲྭ་བའི་རྒྱུ་བ་རྩད་ནས་བཅད།།
འདི་ལྟར་བྱ་བཞག་ཤེས་ན་མཁས་ཞེས་དང་།།
དེ་ལྟར་སྤྱོད་པ་མི་རུང་སྤོངས་ཞེས་སོགས།།
བླང་དོར་ཚུལ་གཉིས་འབྱེད་པའི་ཤེས་རབ་ཀྱང་།།
རིས་མེད་འགྲོ་བའི་ཁམས་སུ་བསྩལ་བ་ལགས།།
འོན་ཏང་མ་དག་ཚུར་མཐོང་འགའ་ཡི་ངོར།།
དག་སྣང་འཁྲིགས་པ་ཤར་བའི་དུག་མཐུག་པས།།
ལྷག་བསམ་དུང་གི་ཁ་དོགས་ནག་སོང་སྐད།།
མཛད་འཕྲིན་འོད་ཀྱི་ཟེར་ལ་དམོད་རབས་ཐོས།།
དེ་ལྟ་ནའང་ཐམས་ཅད་མགུ་བའི་ཐབས།།
ཤཱཀྱ་ཐུབ་པའི་ཐུགས་ལས་མ་འཁྲུངས་བས།།
ཡོངས་རྫོགས་སྣང་ངོར་གཅིག་ཏུ་མཐུན་དགོས་ཞེས།།
དགོས་མེད་ངལ་བའི་ལས་ལ་འབྲས་བུ་དབེན།།
ཁྱེད་ཐུགས་ཉི་ཟླའི་དཔལ་ལས་ལེགས་ཤར་ཟེར།།
རང་སྡེའི་ནམ་མཁའི་དཀྱིལ་དུ་སྤྲོས་པས་ན།།
ཚུལ་གཉིས་རིག་པས་འབྱེད་ནུས་སེམས་ཅན་ཀུན།།
ཕན་བདེའི་དགའ་སྤྲོ་སྟོང་གི་འཁྱུད་པ་ལགས།།
མང་མང་བྱས་པའི་ཕྲིན་ལས་རྡུལ་སྙེད་གྲངས།།
ཇི་བཞིན་སྨྲ་བའི་སྤོབས་པ་ན་ཕྲ་ཡང་།།
ཚད་གསུམ་རིག་པས་དཔྱད་ཀྱང་གཡའ་དག་པའི།།
ཆེ་ལས་ཆུ་ཐིགས་ཙམ་ཞིག་བདག་གིས་བཀོད།།
གང་སྐུའི་མཛད་འཕྲིན་འོད་ལ་བརྩེ་བ་དང་།།
དད་གུས་གཅིག་ཏུ་འདུན་པའི་མོས་པ་ཡིས།།
ལེགས་བསྐུལ་ཚིག་གི་མཁའ་ལ་དོན་གྱི་ཆར།།
འཇོ་མཛད་རྣམ་ཐར་ཆ་ཤས་ཤར་མར་བཀོད།།
ཞེས་པ་ལུ་ལམ་པ་སྨན་ལྷ་འབོད་པས་རང་ཤག་ཏུ་བྲིས། དགེའོ།
网友评论