མཐོ་སའི་མཐོ་སར་ཞུགས་པའི་སྐུ་རིན་པོ།།
གུས་པའི་བཀུར་སར་གནས་པའི་ཁྱེད་ཀ་ལ།།
ཕུགས་ཀྱི་འདུན་མའི་ལས་ཀྱིས་འཕྲིན་ནས་མཇལ།།
དགའ་སྣང་སྐྲག་སྣང་འདྲེས་མའི་ཚོར་འདུ་བླུད།།
དང་པོ་མོལ་བའི་ལམ་ནས་ཐུགས་བརྩེ་ཡངས།།
སྤྱི་ཕན་དོན་དུ་གཉེར་བའི་དགོངས་དོན་ལེགས།།
གུས་པ་གཅེས་སུ་འོས་པའི་མཛད་ཕྱོགས་ལ།།
བསམ་པའི་སྒོ་གླག་ཕྱེས་པས་གྲོགས་བཟང་འདོད།།
འཛེམ་མེད་ཁ་བརྡ་ཡངས་མོ་ང་ཡི་ལུགས།།
དོན་མེད་ཐུགས་བརྩེ་གཏོར་བ་ཁྱེད་ཀྱི་གཤིས།།
མོལ་མོལ་ཉིན་འགའ་སྣུར་བའི་ཤེས་ཚོར་ན།།
ཅི་ཆ་མ་འཚལ་ལྷག་མའི་དུང་བ་འདུག།
གཅེས་པའི་དུང་ཚིག་མངར་མོའི་གདངས་དབྱངས་སྙན།།
ཞི་མོའི་ཞེན་ཆགས་སྙི་མོ་དལ་གྱིས་བསྒུལ།།
འོན་ཏེ་མིང་སྲང་ཁོ་ནས་འདུ་ཤེས་ལས།།
ཚོར་འདུ་ལྷག་མ་བྱུང་ན་དངངས་སྐྲག་འདུག།
འཛེམ་མེད་གླེང་མོལ་ངེད་གཉིས་འདྲེས་མཚམས་ཡིན།།
ལྷད་མེད་ལྷག་བསམ་ངེད་གཉིས་འགུགས་གནས་ཡིན།
དེའི་ཕྱིར་ཁྱེད་ཉིད་ང་ཡི་བློས་ཐུབ་ལགས།།
གཞུག་ལམ་གྲོགས་ཀྱི་དྭངས་མ་ཁོ་ན་ཡིན།།
དེ་མིན་མང་དྲན་ང་ཡི་མི་ཕོད་ལགས།།
ཁྱེད་ཀྱི་ཐུགས་ལ་དེ་དང་དེ་བཞིན་འཚལ།།
སྐད་ཆ་ཅི་བྱུང་ངེད་གཉིས་རང་དབང་ཡིན།།
སེམས་དང་སེམས་པའི་དགའ་སྐྱོ་མཉམ་ཁུར་གནང་།།
网友评论