美文网首页
འཇིགས་ཡེར་བའི་ངོས་གཞན་ཞིག

འཇིགས་ཡེར་བའི་ངོས་གཞན་ཞིག

作者: SONAM0 | 来源:发表于2020-11-03 23:59 被阅读0次

    བདག་ནི་རྩྭ་ཐང་ནས་སྐྱེས་ཤིང་ནོར་ལུག་གི་རྗེས་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན་ཡང་བག་ཆགས་གང་ཞིག་གི་རྐྱེན་གྱིས་ཡིན་ནམ་སུས་ཤེས་ཏེ། ཆུང་དུས་དུ་ཤ་རིགས་ལ་དེ་འདྲའི་དགའ་བོ་མེད། དེ་ལས་གྲོ་འབྲས་དང་སྔོ་ཟས་སྣ་ཚོགས་ཟ་བར་དགའ་ཞེན་ཆེ་ཚུལ་ནི་རྒྱ་ཕྲུག་ཞིག་དང་ཀུན་ནས་མཚུངས་སོ།། རེད་དེ། ད་བར་ཤ་རིགས་ལ་དགའ་ཞེན་ཇེ་ཆེར་འགྲོ་བཞིན་འདུག ལྷག་པར་འབྲོག་དྲི་མ་ཡལ་བའི་ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་སྐམ་ཤ་དང་ལུག་ཤར་དམིགས་བསལ་གྱིས་རོ་བྲོ་ལྡན་པའི་སྣང་བ་ཇེ་ཆེར་འགྲོ་བཞིན་འདུག འདི་ནི་ཕ་ཡུལ་གྱིས་བཞག་པའི་བག་ཆགས་གང་ཞིག་སད་པ་རེད་དམ། ད་བར་དུ་ལྷད་མ་འདྲེས་པའི་འབྲོག་པའི་ཟས་རིགས་སྣ་ཚོགས་ཀྱི་རོ་བཅུད་དངོས་ལ་མྱོང་རོལ་བྱ་མ་ཤེས་པས་ཡིན། ཡང་ན་ལོ་ན་ཚོད་ཇེ་ཆེར་བཞིན་འགྲོ་བཞིན་པ་ལ་འབྲེལ་བ་ཡོད་དམ། ཡང་ཁ་ཤས་ཀྱིས་ན་ཚོད་ཆེ་རུ་ཕྱིན་ན་ཕ་ཡུལ་གྱི་ཡོད་ཚད་དྲན་ཞིང་ཕ་ཡུལ་གྱི་ཡོད་ཚད་སེམས་ལ་ཟུག་འགྲོ་ཞེས་པ་ལ་ཡང་བདེན་པའི་ཆ་ནི་ཅིས་ཀྱང་ཡོད་པ་འདྲ། སྤྱིར་ཡིན་ན་ཚེ་མཇུག་ལ་ཤ་གཅོད་ཐུབ་ན་ཅི་མ་རུང་སྙམ་སྟེ། དེའི་ཕྱོགས་སུ་འཕེན་པ་ཡང་ཕྲན་ཙམ་རེ་གཏོང་བཞིན་ཡོད་མོད། ད་ལྟའི་དགའ་ཁ་འཁྱེར་ཕྱོགས་འདི་ལ་བསམ་ན། མ་འོངས་པར་ཤ་གཅོད་ཐུབ་པ་ཕར་ཟད། ཇེ་ཉུང་ལ་གཏོང་བའི་རེ་བ་ཙམ་ཡང་མེད་པ་འདྲ། ཐ་ན་ལྡོག་སྟེ་ཤ་ཁྲག་ལ་ལོངས་སྤྱོད་ཀྱི་འདུན་པ་སྔར་ལས་ཀྱང་ཇེ་ཆེར་མི་འགྲོ་བའི་གདེང་ཚོད་ཀྱང་ཏིལ་ཙམ་མེད་དོ།། འདི་ལྟར་སོང་ན་ཅུང་འཇིགས་ཡེར་བ་ཞིག་མ་རེད་དམ། གནད་དོན་འདིའི་རྩ་བ་དེད་ན་འབྲོག་ཕྲུག་ཅིག་གི་སྐྱེ་བ་བླངས་པས་རེད་དམ། སེམས་སུ་བྱམས་སྙིང་རྗེའི་དྲོད་ཐིག་ཙམ་ཡང་རྒྱས་ཐུབ་མེད་པས་ཡིན། ཅི་ཞིག་ལགས།

    相关文章

      网友评论

          本文标题:འཇིགས་ཡེར་བའི་ངོས་གཞན་ཞིག

          本文链接:https://www.haomeiwen.com/subject/jidwvktx.html