མཚན་གུང་གི་དུས་ཚོད་བཅུ་གཉིས་ལ་སླེབས་འདུག ད་བར་དུ་ཁོམ་མ་སོང་། གྲོགས་པོ་ག་གེ་མོའི་གློག་ཀླད་ལ་གནད་དོན་ཞིག་བྱུང་འདུག་པས། དེ་ལ་ལྟ་རུ་ཕྱིན། གནད་དོན་ཐག་བཅད་དེ་ཕྱིར་ཞིག་གསོ་ཡག་པོ་བྱ་ཐུབ་སོང་། གྲོགས་པོ་ཡང་དགའ་ནས་འདུག གཞན་ཕན་ཕྲན་ཙམ་རེ་ལེགས་འགྲུབ་བྱུང་ན་དེ་ལས་ཐོབ་པའི་བདེ་སྐྱིད་ནི་ཁྱད་དུ་འཕགས་སོ།། སྔོན་ཆད་ནས་རང་གི་དགའ་ཕྱོགས་ཀྱི་དབང་གིས་འཕྲུལ་ཆས་ཀྱི་རིགས་ལ་ཅུང་འགྲོགས་འདྲིས་ཆེ་བས། གྲོགས་པོ་ཚོས་ནམ་རྒྱུན་ཁ་པར་སོགས་ལ་སྐྱོན་ཆ་རེ་བྱུང་ན་ཁོ་བོ་འབོད་པར་ལོབས་ནས་ཡོད། ངས་ཀྱང་ཤེས་མདོག་ཆེན་པོ་སྟོན་བཞིན་པ་བཤད་མ་དགོས་པ་རེད། བྲིས་ལག་བྱང་དང་བཏོན་ནས་ཁ་བྱས་ཟེར་བ་བཞིན་གྱི་བྱང་ཆ་ལྡན་པའི་ཚོད་དུ་གཏན་ནས་སླེབས་མེད་ནའང་། འཕྲུལ་ཆས་ཀྱི་གནད་དོན་འདྲ་མིན་སྣ་ཚོགས་འཕྲད་མྱོང་བས། ཉམས་མྱོང་གང་འཚམ་ཡོད་པའི་དྲིན་གྱིས་རང་གི་ཁོར་ཡུག་ཆུང་ཆུང་འདི་ནས་ཁ་ཆོད་ཀྱིན་ཡོད། ཁ་ལས་དགེ་བཞིན་ཡོད། འདི་གཅིག་གི་ཆ་ནས་རང་གི་འཇོན་ནུས་ཤིག་ཏུ་བརྩི་ཆོག་ཀྱང་གཉིས་ཀྱི་ཆ་ནས་གཞན་དོན་སྒྲུབ་པའི་གོ་སྐབས་གལ་ཆེན་ཞིག་ཏུ་བཟུང་ཡོད་དོ།། དེའི་རྐྱེན་གྱིས་གཞན་ལ་རོགས་དན་བྱེད་པའི་གོ་སྐབས་ཤར་ཐེངས་རེར་ལྷག་བསམ་ཟོལ་མེད་ཀྱིས་རང་ནུས་ཅི་ཡོད་འདོན་རྒྱུར་དགའ་བོ་ཡོད། འདི་ནི་གཞན་གྱིས་བལྟས་ན་རང་བསྟོད་ཅིག་ཏུ་འགྲོ་ཉེན་ཆེནང་། ངོས་རང་ནས་རང་བཞིན་དྲང་བོར་བརྗོད་པ་ལགས་སོ།།
网友评论