མ་བཟང་བུ་མོ།
དྲིན་མ་ལོའི་ལས་དབང་སྐྱོ་བོ་ཡིན།།
སྡེ་ཆེན་པོའི་གནས་སྒོ་འགྲིམས་སྲོལ་དང་།།
ལུས་འཁོར་བའི་དྲུང་ལ་འཐམས་ཚུལ་ལས།།
ལམ་རིག་པའི་གནས་ལྔར་འཇུག་སྲོལ་མེད།།
གནས་ཨ་ནེའི་བཀའ་ལ་བརྩི་ལུགས་དང་།།
ཕོ་ཁྱོ་གར་བཀུར་བའི་སློབ་གསོ་ལས།།
རང་བུ་མོའི་བདེ་སྡུག་གང་མྱོང་སོགས།།
ཀྱེ་ཨ་ཕྱིར་གདམས་པ་མེད་ཚོད་རེད།།
གནམ་སྐྱ་རེངས་གོང་གི་བྱིའུ་སྒྲ་དེ།།
དྲིན་མ་ལོའི་གནས་སྒོའི་དུས་ཚོད་རེད།།
ཁང་ཆར་བའི་བུ་ཡུག་གང་ལྡང་ལ།།
ལུས་གཡོལ་བའི་དབང་ཞིག་མེད་ས་རེད།།
ངག་དམའ་མོའི་གུས་ཚིག་འགའ་རེ་དང་།།
ཟས་ལྷག་མའི་ཟ་ལུགས་ཚོད་ཙམ་ཞིག།
ཁྱིམ་བཟའ་ཚང་མལ་ལ་བསྡུས་རྗེས་སུ།།
རང་སྐུ་ངལ་གསོ་བའི་དབང་ཆ་ཙམ།།
ཕོ་ཁྱོ་གའི་རུམ་ནས་ཉལ་ཡང་རུང་།།
མོའི་གོས་ཚལ་སྟེང་ལ་བཀབ་སྲོལ་མེད།།
སྨད་དོར་མ་གཅིག་རེ་ཡོད་མེད་ཙམ།།
དེ་བརྗེ་བའི་ཆ་རྐྱེན་མེད་རབས་རེད།།
སྐྱེས་མོ་ལུས་བླངས་པ་ལས་དམན་དང་།།
སྐྱེས་ཕོ་ལུས་ཐོབ་པར་བསོད་ནམས་དགོངས།།
དོན་ཆེ་ཆུང་གྲོས་པའི་སྒོ་ཁྱིམ་ན།།
ཁྱིམ་ནག་མོའི་གྲོས་ཅེས་ཉན་ལུགས་མེད།།
དྲིན་མ་ལོའི་གདམས་པའི་བསླབ་བྱ་ལ།།
སྒོ་རི་ཁྱིམ་གང་ན་ཡོད་ཀྱང་རུང་།།
དོན་མ་ཤེས་མ་གོ་མ་རིག་གསུམ།།
སྡེར་ཨ་ལན་སྤྲོད་ལུགས་ཡིན་ཞེས་གསུངས།།
ཁྱིམ་ཡ་སྒྱེད་གོ་ཁར་འདུག་ལུགས་མེད།།
གྲལ་སྐྱིལ་ཀྲུང་བྱས་ན་ལྟས་ངན་རེད།།
སྐྱེས་མོ་ལུས་བླངས་པ་དམའ་མོ་ཡིན།།
ལས་ཁྱིམ་ཐབ་ཕྱོགས་ལ་འབད་དགོས་གསུངས།།
ཁྱིམ་མ་སྒྱེད་ཚང་གི་ལས་ཀ་དང་།།
སྒོ་འབྲུ་མོ་བཞོན་ལ་འཇུག་ཚུལ་སོགས།།
ལུས་རྩོལ་བ་འབུལ་བའི་གདོང་མཆོང་ལས།།
མ་བུ་ལོའི་མང་ཤེས་དགོས་མེད་ཟེར།།
网友评论