མདོག་ལོང་མིག་གི་འཇིག་རྟེན།
དང་པོ།
ཡབ་རྒྱལ་པོའི་དྭངས་ས་དྭངས་ཆུ།
སྐྱ་སད་སྔོ་རྡུགས་སེ་མིག་མདུན་ལ་བཤམས་དུས།
ངས་དེའི་ཁ་དོག་བཤད་མ་ཤེས།
སྙན་ལྷང་གི་གཙང་བོའི་བཞུར་སྒྲ ཡུམ་ཆེན་གྱིས་འཐེན་པའི་རྟ་མགོ་མའི་དབྱངས་རྟ་དང་བསྡེབས་ནས་སྐྱི་བསེར་གྱི་བང་ཁ་ནས་རི་འགབ་ན་བྲག་ཅ་མཆེད།
དཀར་མདོག་གི་ཉི་འོད་ཀྱིས་བདག་སེམས་བསྣུན་པར་བྱེད།
བདག་གི་འཇིག་རྟེན་འདི།
ཨ་སྔོན་སྔོན་པོ་མ་ཡིན་ལ།
མེ་དཔུང་དམར་པོ་མ་ཡིན་པ།
གཉིས་པ།
གསལ་ཆ་མེད་པའི་བྱ་དངོས་དག བརྡར་ཤ་གཅོད་མི་ཕོད།
ཞིབ་ཕྲ་ནི་ནམ་ཡང་ཁ་དོག་གི་གསེང་ན་སྐུང་ཡོད།
ཤེས་རྟོགས་བྱུང་བའི་ངོ་དོང་། རྩ་བ་ནས་བསུབས་འདོད་མེད།
རྒྱུ་མཚན་ངའི་འཇིག་རྟེན་ནི་ཕུན་ཚོགས་ཞིག་མ་ཡིན།
གསུམ་པ།
ཡངས་ཤིང་མཐའ་ཀླས་པའི་སྤང་ལྗོངས་སུ།
ནམ་མཁའ་ལ་ཅེར།
དགུང་སྔོན་བསྟན་ཏེ་མདོག་མེད་དུ་བརྗོད་དགོས་མི་འདུག
ཕ་མས་ང་ལ་མདོག་ལོང་བའི་སྤྱན་ཟུང་ཞིག་སྤྲད་ཀྱང་།ངས་དེའི་ནག་རིལ་གྱིས་འོད་སྣང་བཙལ། འདི་ལྟར་བྱས་ན་ད་གཟོད་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་ཐུབ།
网友评论