美文网首页
ཆུང་ནས་འདྲིས་པའི་གྲོགས་པོ་ཞིག་དྲ

ཆུང་ནས་འདྲིས་པའི་གྲོགས་པོ་ཞིག་དྲ

作者: 牧人的小屋 | 来源:发表于2020-11-23 19:38 被阅读0次

                              སྒྲེང་གཟུགས། 

    འུ་གཉིས་ཀྱི་ནང་ནས་ལོ་ཆེ་བ་དེ་ང་ཡིན།  ཕལ་ཆེར་བར་ལ་ལོ་གཅིག་ཙམ་ཡོད།  འུ་གཉིས་ཀ་གྲྭ་ཕྲུག་པྲ་ཚག་གཉིས་ཡིན།  ཁ་ཡ་ན་ཟླའི་ཁྲོད་དུ་རྡུང་རེས་བརྒྱག་པ་དང་ཀ་ར་ཉོ་སྤྱད་ཀྱི་སྒོར་མོ་དག་འཕྲོག་དུས་འུ་གཉིས་ལ་གནམ་རིག་ལྷག་མ་ཞིག་ཡོད།  སྐབས་ལན་རེར་འུ་གཉིས་ཀྱིས་གཞན་གྱི་ལག་ནས་འཕྲོག་ཡོང་བའི་སྒོར་མོ་དང་རྩེད་ཆས་དེ་དག་འུ་གཉིས་ཀྱི་ཡན་ན་ཡོད་པའི་བྱིས་པ་དག་གིས་ཀྱང་འཕྲོག་འགྲོ།  འུ་གཉིས་ཀྱིས་སྙིང་ནད་རྩོད་རྒྱུ་ཟེར་ནས་གྲི་ཆག་གཉིས་བཏགས་ཏེ་མགོ་བོ་གནམ་ལ་བཞག་པ་དྲན་ནམ།  སྐབས་དེར་འུ་གཉིས་ལ་པྲ་ཚག་གི་འཇིག་རྟེན་དེ་རུ་རྒྱལ་ཁབ་ཆུང་ཆུང་ཞིག་ཡོད། 

    ཐེངས་ཤིག་ལ་བདག་གི་ཞང་བོ་ལགས་ཀྱིས་བདག་ལ་ཕྲིན་འདུ་ནས་ཁ་པར་ཞིག་ཉོས་ཡོང་ཐལ།  སྐབས་དེར་ཕ་ཡུལ་དུ་བརྡ་རྟགས་འཐེན་མ་ཐག་རེད།  ངས་དེའི་ནང་དུ་ཨང་གྲངས་བཞག་ནས་རུམ་ལ་བཅུག་པ་ཡིན་མོད།  ཁ་པར་ཡོང་མཁན་ཞིག་ཡོད་པ་དྲན་རྒྱུ་མི་འདུག 

    ཉི་མ་ཞིག་གི་སྔ་དྲོ་ཁྱོད་ཀྱི་ཕ་རྒན་གྱི་འཕྲུལ་རྟ་དེ་ཞོན་ནས་ངའི་སར་ཡོང་།  ངས་ང་ལ་ཁ་པར་ཡོད་ཅེས་ཁྱོད་ལ་བསྟན་པས་ཁྱོད་ཀྱིས་ཀྱང་ཁྱོད་ལ་ཡོད་པ་ནང་བཞིན་ངོ་གདོང་འཛུམ་གྱི་ཁེངས་འདུག 

    ཁ་པར་དེའི་ནང་དུ་རོལ་རྩེད་སྣ་ཁ་གཉིས་འདུག  ངས་དེ་རྩེད་མི་ཤེས་མོད་ཁྱོད་ཀྱིས་གང་ནས་བསླབ་པ་མི་ཤེས་ནའང་དེ་རྩེད་ཤེས་ཁུ།  འུ་གཉིས་ངེད་ཚང་གི་འགབ་ན་ཡོད་པའི་གད་ཁ་དེ་རུ་སོང་ནས་ཁ་པར་ནང་གི་རོལ་རྩེད་དེ་རེས་མོས་བྱས་ནས་བརྩེས་པ་ཡིན།  ཁྱོད་ཀྱིས་བདག་ལ་ད་རུང་གླེན་པ་ཁྱོད་ཅེས་འཕྱ་སྨོད་བྱས་པའང་དྲན་སོས་ཀྱི་འདུག  འོ་ད་རུང་ཁ་པར་དེའི་ནང་དུ་རྒྱ་ནག་གི་གླུ་བ་ལྦང་ཆིང་གི་གླུ་ཞིག་ཡོད་པ་དེ་འུ་གཉིས་ཀྱིས་ནམ་རྒྱུན་ཉན་པ་ཡིན།  གླུ་དེའི་མིང་ལ་ང་ཡིས་ཁྱོད་ངུ་རུ་འཇུག་མི་འདོད་ཟེར། 

    ཁྱོད་རང་སློབ་ཆུང་ལོ་རིམ་གཉིས་གསུམ་ཞིག་ལ་སོང་བས་རྐྱེན་གྱིས་དེའི་ཡི་གེ་འགའ་རེ་ངོས་ཟིན་གྱིན་འདུག་ལ།  དེ་དང་ལྷན་དུ་ཁྱོད་ཀྱིས་གླུ་དེས་དབྱངས་རྟ་དང་འགྲོགས་ནས་བླངས་བ་ཡང་ད་ལྟ་དྲན་གྱི་འདུག  ངོ་མ་བཤད་ན་ཁྱོས་སྐད་ངག་དངོས་ནས་སྙན་རྒྱུ་མི་འདུག  ལོ་གཉིས་གསུམ་གྱི་ཡར་སྔོན་དུ་ཁྱོད་རང་ངེད་ཚང་ལ་ཡོང་ནས་唱吧ནང་ནས་གླུ་དེ་བླངས་བ་དང་སྐད་ངག་སྙན་མོ་ཡོད་ནི་རེད་ཅེས་ཁྱོད་ཀྱིས་ཁྱོད་རང་ལ་བསྟོད་པ་གྲངས་མེད་བྱས་མོད།  ངས་ཁྱོའི་སྐད་ངག་སྙན་པ་དུས་ད་རུང་ཡང་ཁས་ལེན་མི་ཐུབ་ཁུ། 

    ཨ་རོ།  ཉིན་ཞིག་ལ་འུ་གཉིས་ཀྱིས་བྱིས་པ་གཞན་འགའ་དང་རྡུང་རེས་བརྒྱབས་ནས་ཁྱོད་ཀྱི་རྣ་རྒྱབ་ཏུ་རྨ་ཆུང་ཆུང་ཞིག་བྱས་པ་དང་ངས་བྱིས་པ་གཞན་ཞིག་གི་ལག་པའི་ནང་དུ་གྲི་ཡོད་པ་ཤེད་ཀྱིས་མཐེན་པས་བྱིས་པ་དེའི་ལག་པར་རྨ་ཁ་གཏད་པ་ཨེ་དྲན་ཁུ།  བྱིས་པ་དེའི་ཕ་མས་ངེད་ཚང་གི་ཁུ་བོ་བཙལ་རབས་ཀྱང་བཤད་རྒྱུ་ཡོད་ཐལ།  འུ་གཉིས་ཀྱི་པྲ་ཚག་གི་སེམས་ཁམས་དེར་ནམ་ཡང་འགྱུར་རྒྱུ་མེད་པས་ཁྱོད་ཀྱི་ཕ་རྒན་གྱིས་འུ་གཉིས་མཉེན་རྟོག་པ་ལ་སྤྲོད་རྒྱུ་ཟེར་ནས་སྐྲག་ཀྱང་བསླངས་མྱོང་།   

    ང་རང་ལོ་ངོ་བཅུ་བཞིའི་དུས་སུ་ཁྱོད་ཀྱིས་གྲྭ་ས་འགྲིམས་ཀྱང་བདག་ཀྱང་རང་དགོན་གྱི་བཤད་གྲྭར་ཞུགས།  འུ་གཉིས་བར་ལ་ཁ་པར་གྱི་འབྲེལ་བ་སོགས་ཅི་ཡང་མེད་ནའང་།  ནམ་རྒྱུན་ཕན་ཚུན་དྲན་གྱིན་ཡོད།  ཁྱོད་ཀྱིས་ས་མཐའ་ནས་ཁྱོད་ཚང་གི་ཕུ་བོའི་ལག་ཏུ་དབྱིན་ཡིག་བསླབ་དེབ་ཅིག་དང་སྒྲ་ཐག་གཅིག་གི་ནང་དུ་ཁྱོད་ཀྱིས་ང་ལ་བཤད་འདོད་པའི་སྐད་ཆ་ཚང་མ་སྒྲ་རུ་བླངས་ནས་བསྐུར་འདུག  ངས་དེ་དག་མཉན་སྤྱད་ཀྱི་སྐད་སྒམ་录音机ལག་ཏུ་མ་ཚུད་པས་བཙན་གྱིས་ཁུ་བོ་ལགས་ལ་སྐད་སྒམ་ཞིག་ཉོ་རུ་བཅུག་པ་ཡིན།  སྐབས་དེར་འུ་གཉིས་སུ་ཡིན་ནའང་།  མྱུར་དུ་མི་ཆེན་དུ་ཆགས་རྒྱུའི་རེ་བ་ཡོད་ལ།  མི་ཆེན་དུ་ཆགས་རྗེས་གྲོང་ཁྱེར་འགྲིམ་ཆོག་ནི་རེད་ཅེས་ཁྱོད་ཀྱིས་ང་ལ་བཤད་པས་ངས་ཀྱང་རང་ཉིད་རེམ་པར་མྱི་ཆེན་པོར་ཆགས་ན་སྙམ་པ་ཡིན།  ཁྱོད་རང་ཁྱོད་ཀྱི་ཕ་རྒན་དང་འགྲོགས་ནས་ཟི་ལིང་དང་སྐུ་འབུམ་ལ་མཇལ་སྐོར་དུ་སོང་བ་དང་།  ཕྱིར་ཡོང་རྗེས་ཁྱོད་ཀྱིས་ང་ལ་གྲོང་ཁྱེང་ནང་གི་ཁང་བརྩེགས་མཐོན་པོ་ཡོད་ཚུལ་དང་རྩེད་ས་ཡང་སྐྱིད་པོ་ཡོད་རབས་བཤད།  དེ་ནས་བཟུང་ངས་ནམ་ཡང་གྲོང་ཁྱེར་ཞེས་པ་དེ་ནི་རང་གི་བསྙེགས་ཡུལ་ཉག་གཅིག་ཡིན་པར་བསམ་བློ་གཏོང་མྱོང་།  རྗེས་སུ་འུ་གཉིས་རིམ་བཞིན་ནར་སོན་ཀྱང་མི་ཆེན་པོར་ཆགས།  གྲོང་ཁྱེར་ཟེར་བའི་སུན་སྣང་གི་འཇིག་རྟེན་དེ་རུ་ཡང་ཐེངས་མང་ལ་སོང་མྱོང་།  གྲོགས་པོ་ལགས།  གྲོང་ཁྱེར་དངོས་ནས་སྐྱིད་རྒྱུ་མི་འདུག  རླངས་འཁོར་གྱི་དུང་སྒྲ་དང་།  རྫོབ་དྲགས་པའི་མཁའ་དབུགས།  ཉོབ་དྲགས་པའི་མི་སེམས་སོགས་གྲོང་ཁྱེར་གྱི་མཚོན་ཐབས་ཅན་གྱི་བྱ་དངོས་འདི་དག་རིག་ན་ངས་ནམ་རྒྱུན་ཕ་ཡུལ་དྲན་ཡོང་ཞིང་ཕ་ཡུལ་དང་འབྲེལ་བའི་ཁྱོད་ཚོ་དྲན་འོང་། 

    དེ་རིང་འདི་རུ་ཆར་བབ་བྱུང་།  སྔ་མོ་དཔེ་མཛོད་ཁང་དུ་སོང་མོད་གནམ་གཤིས་འདིས་རྐྱེན་གྱིས་ཅི་ཡང་བསྒྲུབ་ན་མ་འདོད་པས་ལྕགས་རྟ་ཞོན་ནས་ཕྱིར་ཁྱིམ་ལ་ལོག        ཁྱིམ་ཟེར་ནས་ངེས་གཏན་ཞིག་མེད་མོད།  ཟླ་བ་རེར་སྒོར་ཉིས་བརྒྱ་བྱིན་ཚེ་ཁང་སྟོང་ཞིག་ལག་ཏུ་ཚུད་པའི་གནས་དེ་ཟེར་བ་ཡིན།  ལམ་ནས་ཁ་པར་ནང་གི་གླུ་ཉན་པ་དང་།  བསམ་བཟས་ནས་དེ་ཉན་པ་མིན་ནའང་།  ལྦང་ཆང་གིས་གླུ་དེ་གྲགས་བྱུང་བས་ངས་ད་གཟོད་ཁྱོད་དྲན་ཡོང་བ་དང་།  ཁྱོད་དང་འབྲེལ་བའི་དོན་བྱ་མཐའ་དག་དྲན་བྱུང་།  གླུ་འདིས་འུ་གཉིས་ཀྱི་ཕྱིར་དྲན་མང་བོ་ཞིག་བསྲུང་ཡོད་པས་གླུ་འདི་གོ་ཐེངས་རེར་ངས་ཁྱོད་མི་དྲན་དུས་ཤིག་དངོས་ནས་མེད། 

    ཁྱོད་རང་ད་ལྟ་བཙོན་དུ་ཡོད་ལ་ང་ཡང་འཇིག་རྟེན་ཞེས་པའི་བཙོན་རྭ་འདི་རུ་ཡོད།  སྐབས་ལན་རེར་ངས་བཙོན་འོག་ཏུ་ཡོད་པའི་ཁྱོད་ལ་སྐོར་རེ་བརྒྱག་ན་འདོད་མོད་དེའི་ནུས་པ་མེད་པའམ་དེའི་སྙིང་སྟོབས་མེད་པ་གང་རུང་ཤེས་དཀའ་ནའང་།  འདོད་ཐོག་དེར་འགྲོ་བའི་བསྐལ་བ་ད་རུང་མ་ལྡན།  ངས་ཁྱོད་ལ་དོན་བྱ་དེ་དག་དང་མི་དེ་ཚོར་ཁ་འབྲལ་རོགས་ཞེས་ཐེངས་མང་ལ་བཤད་མྱོང་།  དོན་ངོ་མ་བཤད་ན་ངས་ཀྱང་དོན་བྱ་དེ་དག་དང་མི་དེ་དག་གི་ཉེན་ཁ་རྟོགས་མེད་ནའང་།  སེམས་སུ་དེ་དག་ཡག་པོ་ཞིག་ཏུ་བསྒོམ་མ་མྱོང་།  ཁྱོད་རང་མ་བཟུང་བའི་ཟླ་འགའི་ཡར་སྔོན་དུ་ཁྱོད་ཀྱིས་བདག་ལ་ཁ་པར་ཡོང་ཞིང་ཁྱོད་ཀྱིས་ཁྱོད་རང་གི་འཚོ་བ་དང་ངས་ཀྱང་ངའི་འཚོ་བ་གླེང་བ་ཡིན།  དེ་དང་ལྷན་དུ་ངས་སྒམ་ཚུགས་བསྟན་ནས་ཁྱོད་ལ་ཁ་ཏ་རེ་ཡང་བྱས་པ་ཡིན།  ཁྱོད་ཀྱིས་དེ་ཡོད་ཚད་བསམ་བློ་གཏང་ཡོད་པའི་ཡིད་ཆེས་བདག་ལ་ཏན་ཏན་ཡོད།  ཡིན་ནའང་།  མི་ནི་དོན་དངོས་ཤིག་གི་ནང་དུ་ཞུགས་རྗེས་དེ་ལས་ཕྱིར་འབུད་བྱེད་དགོས་ན་དཀའ་བ་དང་།  ལྷག་ཏུ་ཉེན་ཁ་ཅན་གྱི་དོན་བྱ་ཞིག་ཏུ་ཞུགས་རྗེས་ཕྱིར་འབུད་བྱེད་ཐབས་ཧ་ཅང་དཀའ་བ་འདྲ།  འདི་ནི་ངས་གློག་བརྙན་ལ་བལྟས་ནས་ཤེས་པ་ཡིན།  ང་ཁྱོད་ལ་བལྟས་ན་དོན་དག་མང་བོ་ཞིག་ལ་ཚོད་ལྟ་བྱེད་རྒྱུའི་སྙིང་སྟོབས་མི་འདུག  ནམ་རྒྱུན་ཉེན་ཁ་ཞིག་གམ་འབྱུང་འགྱུར་གྱི་འབྲས་བུ་གང་རུང་ཞིག་ལ་སྐྲག་པས་དོན་དག་མང་བོ་ཞིག་བསྒྲུབ་པའི་གོ་སྐབས་བསམ་བཟས་ནས་ཤོར་དུ་བཅུག་མྱོང་།  དྲང་མོ་བཤད་ན་ང་རང་མིག་སྔར་གྱི་རང་གི་འཚོ་བ་དང་འཚོ་སྟངས་འདིར་ཡིད་མགུ་ནས་ཡོད།  ངོ་མ་བཟས་ནས།

    ངོ་འདི་གའི་རིང་ལ་ཁྱོད་ཀྱི་གྲིབ་གཟུགས་མི་དེ་དག་དང་ཁ་ཐག་ཇེ་རིང་དུ་སོང་བས་ན་མི་དེ་དག་གིས་ཁྱོད་ཅེས་པའི་མི་ཞིག་འཇིག་རྟེན་དུ་ཡོང་མྱོང་ཡོད་པ་དྲན་གྱིན་མེད་སྲིད།  དྲང་མོ་བཤད་ན།  ང་ཡང་དེའི་གྲས་སུ་ཐེ།  ཡིན་ནའང་།  གླུ་དབྱངས་འདིས་ནམ་རྒྱུན་བདག་ལ་རྩེད་གྲོགས་ཁྱོད་ཀྱི་ཞལ་ངོ་དྲན་དུ་བཅུག་ཀྱང་ཆུང་དུས་རྩེད་རྭའི་ནང་གི་དོན་བྱ་མང་བོ་ཞིག་དྲན་དུ་བཅུག་ཡོང་།  དེ་རིང་ཡང་གླུ་འདིས་རྐྱེན་གྱིས་བདག་གིས་ཁྱོད་དྲན་ཞིང་ཁྱོད་དང་འབྲེལ་བའི་རྩོམ་ཞིག་ཀྱང་བྲིས་པ་ཡིན།  ད་རུང་མང་བོ་མང་བོ་ཞིག་དྲན་པའི་ངོས་འདི་རུ་ལྷག་འདུག་མོད་འདི་ནས་མཚམས་འཇོག་བྱ།  ཡང་གཅིག་བཤད་ན་ཡོད་ཚད་ནས་ཡོད་ཚད་ངས་ཁེར་བཤད་བྱས་བཏང་ན་དེ་ཙམ་མི་འོས་ཁུ།  མདོར་ན་ལྷག་ཡོད་པ་མཐའ་དག་ཁྱོད་རང་བཙོན་ཁང་གི་སྒོར་བུད་ཉིན་བདག་གིས་ཁྱོད་ལ་བཤད་ཆོག སྒོར་བུད་རྗེས་ཁྱོད་རང་ཉེན་ཁ་ཆེ་བའི་དོན་བྱ་དེ་དག་དང་ཁ་བྲལ་རྒྱུ་ནི་བདག་གི་རེ་བ་ཉག་གཅིག་ཡིན། 

    མཐར་སྤུན་གྲོགས་ཁྱོད་རང་མྱུར་དུ་བཙོན་ལས་གྲོལ་བའི་རེ་བ་དང་སྨོན་འདུན་ཡོད་ལ།  བདག་ཀྱང་འཇིག་རྟེན་འདི་དང་ཁ་བྲལ་མ་སོང་ཚེ་ཁྱོད་ལ་སྒུག་ངེས། 

    相关文章

      网友评论

          本文标题:ཆུང་ནས་འདྲིས་པའི་གྲོགས་པོ་ཞིག་དྲ

          本文链接:https://www.haomeiwen.com/subject/kgiviktx.html