——མགོ་བརྗོད་ཀྱི་ཚབ་ཏུ།
ལང་ཚོ་དར་བ་ནི། མི་ཚེ་འཚར་ལོང་གི་ཆེས་མཛེས་སྡུག་ལྡན་པ་དང་ཡིད་དུ་འོང་བའི་ཕྱིར་དྲན་ཞིམ་པོ་ཞིག་ཡིན་ལ། ཡང་ནི་ཆེས་རྙོག་འཛིང་ཆེ་ཞིང་ཆགས་སྡང་མང་བའི་དུས་རིམ་ཞིག་ཀྱང་ཅི་ལ་མིན།
ན་ཆུང་གི་དུས་ཚོད་དེ། ཇི་འདྲའི་སེམས་ལ་འཕྲོད་ཅིང་སྙིང་ལ་ཉེ་བ་དང་། འདུ་འཛི་མང་ཞིང་གཡེང་བ་ཤས་ཆེ་བའི་ཧ་ཅང་པྲ་ཚག་གི་ལོ་ཟླ་ཐུང་ཐུང་ཞིག་ཀྱང་ངེས་པར་དུ་ཡིན།
བརྩེ་བ་ནི། འཆིང་བྱེད་དང་གྲོལ་བྱེད་གང་ལྟར་ཀྱང་། དེའི་དགེ་སྐྱོན་ལ་ཁ་ཡ་མི་བྱེད་པར། དེ་ནི་འགྲོ་མི་ཀུན་ལ་ལྷན་སྐྱེས་སུ་མངའ་བའི་བློ་ཡི་གྲུབ་ཆ་ཙམ་ཡིན་པས་གཞར་ཡང་བསྒྱུར་དུ་མེད་ལ། ང་ཚོས་འདས་ཟིན་པའི་བརྩེ་བར་ཕྱིར་དྲན་དང་། ད་ལྟའི་བརྩེ་བར་གཅེས་སྐྱོང་། མ་འོངས་འབྱུང་འགྱུར་གྱི་བརྩེ་བ་བློས་བསླང་བྱ་བའང་མི་བུ་རང་ངོས་ཀྱི་ལོབས་ཕྱོགས་ཤིག་ཡིན་སྟབས། སུ་ལའང་དེར་ཇུས་གཏོགས་བྱ་བའི་ཁུར་ཡོད་པ་མ་རེད། འོན་ཀྱང་། འདིའང་སྐབས་བསྟུན་གྱི་སྐད་ཆ་ཙམ་ཞིག་ལས། ངེས་མེད་དུ་སྦྱར་ཏེ་བཤད་བཞག་པ་ཞིག་ཀྱང་མིན་པ་ཧ་གོ་དགོས།
ལང་ཚོ་དར་བའི་ན་ཆུང་གི་བརྩེ་བ་རྣམས། སྐབས་རེར་དགོད་བྲོ་ཞིང་མཚམས་རེར་ངུ་ཡོང་བའི་ཆོས་ཉིད་ཅིག་གིས་ཉེས་ཅན་བཞིན་ང་ཚོ་བཙན་གྱིས་དེད་པ་ན། གཞོན་ནུ་ཚོའི་མིག་རྩ་བརླན་ཅིང་ཞེ་རྩ་སྨྲེང་བའི་སྐད་ཆ་གང་མང་མང་ཞིག་རང་ཤུགས་ཀྱིས་ཁ་བ་ལྟར་འབབ་ངེས་རེད། དེར་བརྟེན། ལང་ཚོ་ལ་སིམ་པའི་བརྩེ་བ་ཞིག ལང་ཚོ་དང་འགྲོགས་ནས་ཡལ་གྱིན་ཡོད་ལ། ན་ཚོད་ཀྱིས་རུམ་པའི་བརྩེ་སེམས་སོ་མ་དག གཞོན་པའི་གོམ་སྟབས་ཀྱི་བར་ན་ལྷག་ལྷག་ཏུ་བཞུར་གྱིན་ཡོད། ལང་ཚོ་དང་འགྲོགས་པའི་བརྩེ་བ་དེ་དག་མངོན་སུམ་ལྟར་སྣང་ལ་རྨི་ལམ་བཞིན་མ་ངེས་པའི་ངང་ཚུལ་ལ་བསམ་ཚེ། གཞོན་ནུ་ཞིག་གིས་སླར་ཡང་འདི་དག་གི་གནས་ལུགས་ལ་བསམ་གཞིག་བྱེད་ཀྱིན་ཡོད།
དེ་ཡང་བདེན་ཏེ། ང་ཚོའི་ཕྱིར་དྲན་གྱི་ཀློང་ན། མངོན་གསལ་དང་མག་མོག་སྣ་ཚོགས་པའི་བརྩེ་བ་དང་སྣང་བ་རས་ཁྲ་བཞིན་བདོ་མོད། དེ་དག་ལས། ལ་ལ་ཞིག་ནི་ཡུན་གྱིས་ཡལ་ཟིན་ལ། འགའ་རེ་ནི་ད་དུང་ཡང་ཤ་དང་རུས་པའི་བར་གསེང་ངམ། དོན་སྣོད་དག་གི་ཧྲག་བར་ན་ཟུམ་མེད་དུ་ལྷུག་པོར་བཞད་ཡོད། དེར་བརྟེན། ན་གཞོན་བརྩེ་ཞེན་ཅན་ཞིག་ལ་མཚོན་ན། དེ་དག་ནི་ཅི་འདྲའི་ཡིད་དུ་འོང་ལ། ཧ་ཅང་སྙིང་ལ་སྡུག་པ་ཞིག་རེད་ཨང་།
བསམ་བློ་རེ་བཏང་ན། འདི་ནི་བརྩེ་བ་དང་འདྲེས་པའི་སྙན་ངག་གམ། བརྩེ་བར་འདྲིས་པའི་ལང་ཚོ་དག གཞོན་ནུ་མ་ཞིག་གི་མི་མདངས་ལས་འཕོས་ཤིང་། གཞོན་ནུ་ཞིག་གི་སྙུག་རྩེ་ནས་ཟག་པའི་དྲན་རྟེན་གྱི་ཟིན་ཐོ་ཡིན།
འདི་ནི། སེམས་ཀྱི་ཟབ་ས་དང་། བློ་ཡི་ཡང་ཕུག་ན་ལྷོད་ཀྱིས་འཛུམ་པའི་བརྩེ་བའི་ལེའུ་ཞིག
འདི་ནི། ཕྱིར་དྲན་གྱི་ནམ་མཁའ་ན་བདེན་ངེས་ཀྱིས་ཡན་པའི་སྤྲིན་པ་བཞིན། ཁྱོད་དང་ངའི་བརྩེ་བའི་བྲང་གཞུང་ན་ཞུ་ཞིང་འཛར་བའི་ལང་ཚོའི་བརྗེད་ཐོ་ཡིན།
ཕྱི་ལོ་༢༠༡༥ལོའི་ཟླ་༥པའི་ཚེས་༢༢ཉིན་གྱི་སྔ་དྲོར་ཏྲེ་ཧོར་རྒྱལ་སའི་མདུན་ཐང་ནས་ཆོས་བཞིན་གྱིས།
网友评论