གསུམ་པ་ནི། “སྤྱི་ཚོགས་ངོས་འཛིན་གཅིག་མཐུན་གྱི་རྩ་དོན་”ཞེས་པ་དེ་རེད། དེའི་དོན་ནི། ཆེ་ན་ནས་སྤྱི་ཚོགས་དང་ཆུང་ས་ན་ཚོགས་པ་ག་གེ་མོ་དང་། ཡང་ན་རང་གི་གྲོགས་པོ་ཚུན་ཆད་ཀྱི་བྱ་སྤྱོད་ཅི་རིགས་ཀྱིས་རང་གི་ལྟ་སྤྱོད་ཐམས་ཅད་ལ་ཤུགས་རྐྱེན་བཟོས་འགྲོ་བ་དེ་རེད། དེ་ལས་ཀྱང་གོ་སླ་བར་བཤད་ན་མང་མང་གིས་ཅི་ཞིག་སྒྲུབ་ཀྱིན་པ་དང་རྣམ་འགྱུར་གང་ཞིག་བསྟན་པ་ན་རང་ཉིད་ཀྱང་བྱ་སྤུ་རླུང་ལ་བསྐྱོད་པ་བཞིན་དུ་མི་མང་གི་ཟུལ་ཤུགས་ཀྱིས་དྲུད་འགྲོ་བ་དེ་རེད། དཔེར་ན། རྒྱ་སྲང་ཉུལ་སྐབས་མི་ཚོགས་མང་བ་དང་མི་མང་གིས་འགྲོ་ཁར་བསྟར་ཕྲེང་བསྒྲིགས་ཡོད་པའི་ཚོང་ཁང་དག་གི་ནང་དུ་ང་ཚོ་ཡང་དབང་མེད་དུ་འགྲོ་འདོད་སྐྱེ། མང་མང་གིས་ཅི་ཞིག་ཉོ་བཞིན་ཡོད་ན་རང་ཉིད་ཀྱིས་ཀྱང་དེ་ལ་ཐེ་གཏོགས་བྱེད་པར་དགའ། ཅ་དངོས་གང་ཞིག་གི་སྤུས་ཀ་བཟང་མིན་ཡང་མང་མང་གིས་ཉོ་བཞིན་ཡོད་མེད་ལ་དོ་སྣང་སྤྲོད། གློ་བུར་དང་རང་བྱུང་གི་ཉེན་ཁ་ལ་འཕྲད་དུས་སུ་ཡང་མང་མང་ལྷན་དུ་ཁ་གདངས་ཏེ་མིག་གཅེར་ནས་འདུག་པ་ལས། རང་རང་གི་ཐུན་མིན་གྱི་ནུས་པ་འདོན་སྤེལ་བ་མི་ནུས་པ། ཐ་ན་ཟ་ཁང་ཞིག་ལས་ཟ་མ་ཟ་སྐབས་ཀྱང་མང་མང་གིས་གང་འདེམས་པ་དེའི་ཕྱོགས་སུ་འཁྱེར་འགྲོ་བ་སོགས་རང་གི་ཐག་གཅོད་ཡོད་ཚད་གཞན་གྱིས་ཅི་བྱེད་བལྟ་དགོས་པའི་སྣང་ཚུལ་ཅིག་ཡོད་པ་དེས་ནི། མི་བུ་སྒེར་གྱི་རང་ཚུགས་ཐུབ་པའི་གདེམ་གསེས་གང་མང་ཞིག་འབྱུང་བའི་གོ་སྐབས་ལྷག་མེད་བཅོམ་ཏེ། ཡོད་གཞན་དབང་དུ་བསྒྱུར་བཞིན་ཡོད་པ་དེའོ།། མང་མང་གི་རྣམ་འགྱུར་ལ་བདེན་ཁ་སྟེར་ཚབས་ཚེ་བའི་བག་ལ་ཉལ་གྱི་འདུ་ཤེས་དེས་ནི་ཆུང་ས་ནས་ང་ཚོའི་འགྲོ་འཆག་ཉལ་འདུག་གི་བྱ་སྤྱོད་ནས་བཟུང་སྟེ། ཆེ་ས་ནས་མི་ཚེའི་གདམ་གསེས་དང་ཐག་གཅོད་གང་མང་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པའང་སྨོས་ཅི། དེས་ན་སྤྱི་ཚོགས་ངོས་འཛིན་གཅིག་མཐུན་གྱི་རྩ་དོན་ཞེས་པ་དེའི་ཉེན་སྐྱོན་ངོས་ཟིན་ཏེ། ཡོད་ཚད་མང་མང་གིས་ཅི་བྱེད་ཁོ་ནར་མི་ལྟ་བར་ཐོག་མར་རང་རང་གི་རྣམ་དཔྱོད་དང་བློ་རྩལ་ལ་ཡིད་ཆེས་བྱེད་པའི་སྙིང་སྟོབས་ཡོད་རྒྱུ་དེ་ཡང་གནད་དམ་པའོ།།
网友评论