![](https://img.haomeiwen.com/i15566794/7b731ac285509820.jpg)
དབྱངས་ཅན་ལྷ་མོའི་པི་ཝང་སྙན་སྒྲ་འབྱིན་ཏེ།
ཁུ་བྱུག་སྔོན་མོས་ཚིག་སྙན་དབྱངས་ལ་འགྱེར།
དྲི་བཞོན་ཤར་ནས་ཡོང་བཞིན་གླིང་བུ་འབུད།
མཛེས་སྡུག་མེ་ཏོག་དག་གིས་བྲོ་གར་འཁྲབས།
སྒྲ་སྙན་པོ།
གླུ། དབྱངས། གདངས།
ལང་ཚོའི་ཉམས་འགྱུར་མངོན་པའི་བྲོ་དང་གར།
ཡོད་ཚད་ཀྱི་ལང་ཚོ་ལ་བསྟོད་བསྔགས་བྱེད་བཞིན་སྣང་།
ལང་ཚོ་ཡ། ལང་ཚོ།
ཁྱེད་ནི་གངས་བརྒྱུད་ལས་འབབ་པའི་གངས་ཆུ་ཡིན།
ཁྱོད་ནི་་རྩྭ་བརྒྱུད་ལས་འབབ་པའི་རྫ་ཆུ་ཡིན།
ཁྱེད་ནི་ས་འོག་ནས་བསྡོལ་བའི་སྤངས་ཆུ་ཡིན།
གང་ལྟར།
འཛམ་གླིང་ཡང་རྩེ་ནས་བབས་པའི་ཆུ་བོ་ཞིག་ཡིན།
ཁྱེད་ནི་ཐེམ་པའི་བྲག་རི་གཏོར་བའི་གནམ་ལྕགས་ཐོག་མདའ།
ཚ་གདུང་སེལ་བའི་བསིལ་གྲིབ་ཀྱི་སྦྲང་ཆར།
སྐོམ་པའི་སྡུག་བསྔལ་སེལ་བའི་འཆི་མེད་ཀྱི་བདུད་རྩི།
ཆུ་བོ་ལགས།
ཁྱེད་ཀྱི་ལུས་ནི་ངའི་མེས་པོའི་ཟུངས་ཁྲག
ཕྱིར་བལྟོས་དང་།
འདས་ཟིན་པའི་ལོ་རྒྱུས་ནི།
སྐྱོ་གདུང་གི་དབུགས་རིང་།
འཇིགས་སྐྲག་གི་སྨྲེ་ངག
བཀྲེས་ལྟོགས་ཀྱི་འཁུན་སྒྲ།
འགྱོད་སེམས་ཀྱི་ངུ་སྐད།
སྡུག་བསྔལ་གྱི་ཆོ་ངེ་།
ཉོན་དང་། སྐྱོ་གཞས། སྡུག་གླུ།
སྨྲེང་གཞས་ཁོ་ན་རེད།
ཀྱེ། ཆུ་བོ་ལགས།
གཉིད་ལས་སད་དང་།
མུ་མཐུད་ནས་མདུན་དུ་བསྐྱོད།
མདུན་ན་གངས་རི་དཀར་པོ་གཟི་འོད་འཕྲོ།
གངས་སེངས་དཀར་མོ་གཡུ་རིལ་གསིག
༉-རིག་པའི་གྲུ་གཟིངས།
༢༠༢༢-༨-༢༣
网友评论