ཤོག་ཆག་ནང་གི་གསང་བ།
དེ་རིང་ཤོག་ཆག་ནང་དུ་དཀར་མདངས་ཡོད།།
བཀྲ་ཤིས་རྟེན་འབྲེལ་ཉིན་མོའི་མཇལ་དར་ཡོད།།
འཛོམས་གསུམ་འཛོམས་པའི་རེ་བའི་སྨོན་ཚིག་ཡོད།།
འདི་ནི་དད་པའི་ཡིད་ཆེས་མཚོན་བྱེད་ཡིན།།
དེ་རིང་ཤོག་ཆག་ནང་དུ་མི་གཉིས་ཡོད།།
ང་དང་ཁྱོད་ཀྱི་མཉམ་པར་ཞིག་ཀྱང་ཡོད།།
བརྩེ་འཛུམ་མེ་ཏོག་བཞད་པའི་པར་འདི་ཡོད།།
འདི་ནི་སྔོན་ཆད་ཕྱི་བལྟས་མཚོན་བྱེད་ཡིན།།
དེ་རིང་ཤོག་ཆག་ནང་དུ་བརླན་གཤེར་ཡོད།།
རེས་གཟའ་སྤེན་པའི་ཐན་པའི་རྡུལ་ཆུ་ཡོད།།
ལས་དབང་བཙན་པོས་མནར་བའི་མིག་ཆུ་ཡོད།།
འདི་ནི་དགའ་སྐྱོའི་ལས་དབང་མཚོན་བྱེད་ཡིན།།
དེ་རིང་ཤོག་ཆག་ནང་དུ་རྒྱུ་དངོས་ཡོད།།
ལོ་ཟླ་ཚེས་གྲངས་འཆར་བའི་ཆུ་ཚོད་ཡོད།།
ཚག་ཚག་རྫོགས་རྒྱུ་མེད་པའི་སྐད་སྒྲ་ཡོད།།
འདི་ནི་ཕྱིར་ལོག་དྲན་སྐུལ་མཚོན་བྱེད་ཡིན།།
དེ་རིང་ཤོག་ཆག་ནང་དུ་ལོ་ཐོ་ཡོད།།
ཤིང་རྟ་ལོ་མོའི་ཟླ་ཚེས་རེའུ་མིག་ཡོད།།
ད་ལམ་གྱེས་ཁའི་ལོ་ཟླ་ཚེས་གྲངས་ཡོད།།
འདི་ནི་བརྩེ་བའི་དམ་ཚིག་མཚོན་བྱེད་ཡིན།།
དེ་རིང་ཤོག་ཆག་ནང་དུ་དངུལ་ལོར་ཡོད།།
བརྒྱ་ལོར་ལྔ་དང་ཉི་ཤུའི་མགོ་གཅིག་ཡོད།།
ཁྱོན་བསྡོམས་ལྔ་བརྒྱ་ཉི་ཤུ་ཏག་ཏག་ཡོད།།
འདི་ནི་ལྷག་བསམ་ཟོལ་མེད་མཚོན་བྱེད་ཡིན།།
༦/༡༦ཉིན། ཉི་འོད་གྲོང་ཁྱེར་ནས་སྦྱར།
网友评论