美文网首页
དྲུག་པ་དད་པ་བསྟན་པ་ལ།

དྲུག་པ་དད་པ་བསྟན་པ་ལ།

作者: 睨视 | 来源:发表于2018-01-20 16:53 被阅读0次
    དྲུག་པ་དད་པ་བསྟན་པ་ལ།

    དྲུག་པ་དད་པ་བསྟན་པ་ལ།

    ༧  ངང་པ་དང་ནི་རུ་སྦལ་གྱིས། །

        ཆུ་ལས་འོ་མ་འབྱེད་པ་བཞིན། །

        སྐྱེས་བུ་དད་པ་དང་ལྡན་ན། །

        དེས་ནི་དགེ་སྡིག་འབྱེད་པར་བྱེད། །

    ཞེས་པས་ནི།      དེ་ཡང་ངང་པ་དང་རུ་སྦལ་གྱི་ཆུ་ནང་དུ་འོ་མ་བླུག་ཚེ་ཆུ་དང་འོ་མ་སོ་སོར་འབྱེད་ནས་འོ་མ་འཐུང་འགྲོ་བ་ཡིན་ཀྱི།    དེ་དང་དེ་བཞིན་དུ་སྐྱེས་བུ་དད་པ་དང་ལྡན་པ་ཡིན་ན་དད་པ་དེ་ལ་བརྟེན་ནས་དགེ་བ་དང་སྡིག་པ་ཡང་སོ་སོ་ནས་འབྱེད་ཤེས་པ་ཡིན་ནོ།

    དེ་ཡང་དད་པ་ནི་ཤིན་ཏུ་གལ་ཆེ་སྟེ།  དད་པས་བོན་གྱི་སྒོ་རྣམས་མ་ལུས་འབྱེད། །  དད་པས་མི་ཁོམ་གནས་བརྒྱད་སྤང་བར་བྱེད། །  དད་པས་ཐར་པའི་ཕྱོགས་ཀྱི་ལམ་སྣ་འདྲེན། །  དད་པས་ཁམས་གསུམ་འཁོར་བའི་ཆུ་རྒྱུན་གཅོད། །  དད་པས་བདེར་གཤེགས་བཀའ་རྒྱུད་དོན་རྣམས་རྟོགས། །  ཞེས་གསུང་པ་ལྟར་ཡིན་ལ་དད་པ་མེད་པའི་མི་དེ་ནི་ཅེར་རེ་བལྟས་ཀྱང་ལོང་བ།    དབང་པོ་ཚང་ཡང་གྱ་ཉེས།  ཤེས་པ་སྤྱང་ཡང་མདོ་མེད།  མི་ལུས་ཐོབ་ཀྱང་བྱོལ་སོང་ཞེས་པ་ལྟར་ཡིན་པས་དེས་ན་བོན་ཐམས་ཅད་ཀྱི་རྩ་བ་དད་པ་དང་དག་སྣང་རྒྱུད་ལ་སྐྱེ་བ་ཤིན་ཏུ་གལ་ཆེའོ།

    ༧  མ་ཕྱིར་བུ་དང་དགུནགཞུའི་རྒྱུད། །

        ཆུ་བོའི་རྒྱུན་དང་སྲོག་ཆད་མི། །

        དེ་བཞིན་མོས་པ་ཡིད་ཆེས་དང་། །

        རྒྱུན་རིང་ཕྱིར་མི་ལྡོག་པར་བྱ། །

    ཞེས་པས་ནི།    དེ་ཡང་མ་ཡི་ཕྱིར་བུ་འབྲེང་བ་ལྟར་དུ་མི་མོས་པ་མེད་པ་དང་།  དགུན་གྱི་གཞུའི་རྒྱུད་བཞིན་དུ་སྲ་ཞིང་ཐང་ལྷོད་མེད་པ་དང་།  ཆུ་བོའི་རྒྱུན་བཞིན་དུ་རྒྱུན་ཆད་མེད་པ།    སྲོག་ཆད་པའི་རོ་བཞིན་དུ་ཕྱིར་མི་ལྡོག་པ་སྟེ་མོས་པའི་དད་པ་དང་དྭངས་པའི་དད་པ་ཡིད་ཆེས་པའི་དད་པ་ཕྱིར་མི་ལྡོག་པའམ་མཐར་ཕྱིན་པའི་དད་པ་སྟེ་དད་པ་རྣམ་པ་བཞི་པོ་རྒྱུད་ལ་སྐྱེ་བར་བྱའོ།

    དེ་ལ་མོས་པའི་དད་པ་ནི་བླ་མའི་མཛད་པ་དང་གདམས་ངག་སོགས་ལ་དགའ་ཞིང་མགུ་ནས་དེ་དག་ལ་འཇུག་འདོད་ཀྱི་བློ་དུང་དུང་པ་དེ་ལ་བྱ་ཞིང་དེ་ནི་དཔེར་མ་ཡི་ཕྱིར་དུ་བུ་འགྲོ་འདོད་པ་ལྟ་བུར་གསུང་།

    དྭངས་པའི་དད་པ་ནི་བླ་མའམ་གདམས་ངག་གི་བསྟན་དོན་སོགས་ལེས་ཉེས་བླང་དོར་རྟོགས་ནས་ཐར་དང་ཐར་པའི་ཕྱོགས་ཀྱི་བོན་ལ་འཇུག་པར་གྱུར་བའི་ཡུལ་ལ་མོས་པ་ཞིག་ལ་བྱ་ཞིང་དེ་ནི་དཔེར་ནོར་བ་ཆུ་འདང་ཞེས་ཆུ་དྭངས་སྙིག་འབྱེད་པའི་ནོར་བུ་དང་འདྲ་བར་གསུང་།

    ཡིད་ཆེས་པའི་དད་པ་ནི་དེ་ལྟར་རྒྱུ་དགེ་བ་ལ་བརྟེན་ནས་འབྲས་བུ་བདེ་བ་འབྱུང་བ་དང་རྒྱུ་སྡིག་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་འབྱུང་བ་ཤེས་ནས་ཡིད་ཆེས་པའི་བློ་གཤའ་མ་ཞིག་ལ་བྱ་ཞིང་དེ་ལ་བརྟེན་ནས་དགེ་སྡིག་སྤང་བླང་ལ་འབད་པ་ཡིན་ནོ།    དཔེར་ན་དགུན་ཀྱི་གཞུ་རྒྱུད་བཞིན་དུ་ཐང་ལྷོད་མེད་པར་དགེ་ལ་གཞོལ་བར་གསུང་པའོ།     

    མཐར་ཕྱིན་པའི་དད་པ་ནི་དེ་ལྟར་མཐར་ཐུག་རྫོགས་བྱུང་མ་ཐོབ་བར་དུ་བརྟན་ཅིང་བླ་མ་དང་གདམས་ངག་དཀོན་མཆོག་སོགས་ལ་ཡིད་གཏིང་ནས་ཆེས་སྟེ་ཚེ་འདི་དང་ཕྱི་མཐོ་དམན་གང་དུ་གཏང་ཡང་བཟང་ངན་ཅི་བྱེད་ཀྱང་ཁྱེད་ཤེས་ཁྱེད་མཁྱེན་སྙམ་ནས་དཀོན་མཆོག་ལ་བློ་ལང་གིས་འགེལ་བ་དེ་ལ་བྱ་ཞིང་དེ་ནི་དཔེར་སྲོག་ཆད་པའི་མི་སླར་ལོག་ཡོང་བ་མེད་པ་དང་འདྲ་བའོ།

    དེ་ལ་དད་པ་སྐྱེ་བའི་རྒྱུ་དམ་པ་གོང་མ་དག་གི་མཛད་སྤྱོད་དང་གདམས་ངག་རྒྱལ་བའི་བཀའ་དྲང་དོན་དང་ངེས་དོན་སོགས་ལ་ཡང་དང་ཡང་དུ་ལྟ་ཀློག་བྱ་ཞིང་དད་པ་སྐྱེ་བའི་རྒྱུ་ལ་འབད་པ་གལ་ཆེ་བ་ཡིན་ནོ།

    དེ་ལ་དད་པ་བསྟན་པའི་དགོས་པ་ནི།    དགེ་བ་གང་ཞིག་བསྒྲུབ་ཀྱང་མཐར་ཕྱིན་པ་དང་།      བླ་མ་དང་དཀོན་མཆོག་གི་ཡོན་ཏན་མཐོང་ནས་སྐྱབས་སུ་འགྲོ་བ་དང་།    འཁོར་བའི་འཇིག་པ་ཆེན་པོ་ལས་སྒྲོབ་བ།

    སྤང་བླང་གི་གནས་ཕྲ་ཞིང་ཕྲ་བ་ལ་ཡང་བླང་དོར་ཤེས་པ།

    བླ་མ་དང་དཀོན་མཆོག་གི་བྱིན་རླབས་ཐོབ་མྱུར་བ་སོགས་ཡིན།    དེས་ན་དད་པ་ཡོད་ན་རྒན་མོ་ཁྱི་སོ་སངས་རྒྱས་ཟེར་བ་ལྟར་ཡིན་པས་དད་པ་དང་དག་སྣང་ལ་འབད་པ་ལྷོད་མེད་བྱེད་དགོས་པ་ཡིན་ནོ།

    གཞུང་དོན་དྲུག་པ་དད་པ་བསྟན་པའོ།

    相关文章

      网友评论

          本文标题:དྲུག་པ་དད་པ་བསྟན་པ་ལ།

          本文链接:https://www.haomeiwen.com/subject/moptaxtx.html