美文网首页
བོད་ཡིག་རྒྱུན་དུ་ཕྲིས།

བོད་ཡིག་རྒྱུན་དུ་ཕྲིས།

作者: 411f075e9bf7 | 来源:发表于2018-04-30 22:28 被阅读0次

    4-30ཡིག་གཟུགས་དུས་ཆེན་ཞེས་པར་ཕུལ།

    དེ་རིང་དྲྭ་སྒང་ན་ཚང་མས་བོད་ཡིག་ཡིག་གཟུགས་དུས་ཆེན་རེད་ཟེར་ནས་བོད་ཡིག་འབྲི་བཞིན་འདུག  ཁ་གཡང་འབོད་ཀྱིན་འདུག དེ་ནི་ད་སྐབས་ཚང་མས་བོད་ཡིག་བྲིས་པ་ཉུང་དུ་འགྱུར་བཞིན་པའི་རྟགས་མཚན་ཅིག་རེད།

    དཀར་མཛེས་ཁུལ་གྱི་གོང་འོག་གི་ལས་ཁུངས་མང་ཤོས་ཤིག་གིས་ཀྱང་ཡིག་གཟུགས་སྐོར་གྱི་བྱ་འགུལ་མང་ཙམ་སྤེལ་བཞིན་འདུག དེ་ཡང་ཡག་ན་ཐང་མོད།འོན་ཀྱང་དོན་དངོས་སུ་བླ་མ་དང་དབུ་ཁྲིད། དགེ་རྒན་དང་སློབ་མ། ཚོང་པ་དང་རོང་འབྲོག་མང་ཚོགས་སོགས་ཀྱིས་རྒྱུན་པར་བོད་ཡིག་བཀོལ་སྤྱོད་ཀྱི་ཚད་ག་འདྲར་སླེབས་ཡོད། གོང་རིམ་ལས་ཁུངས་ལ་ཕུལ་རྒྱུའི་སྙན་ཞུ་དང་བསྡུས་ཞུ། འཆར་གཞི་དང་ཕྱོགས་བསྡོམས།བར་ཚོང་ལས་ནས་སྤྱོད་རྒྱུའི་འགྲེམ་བརྡ་དང་གན་རྒྱ། རྩོམ་པ་པོ་དག་གི་སྙམ་ངག་དང་སྒྲུང་གཏམ། ཐ་ན་སློབ་མ་རྣམས་ཀྱིས་ཕན་ཚུན་ལ་བྲིས་པའི་བརྩེ་འཕྲིན། མདོར་ན་ཉེར་སྤྱོད་ཡིག་རིགས་སོགས་མང་པོ་མང་པོ་ཞིག་བོད་ཡིག་གི་ལམ་ནས་བྲིས་པ་ཡིས་བརྒྱ་ཆ་ག་ཚོད་ཟིན་ཡོད་དམ།

    ཡང་ན་དེང་དུས་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་དབུ་ཅན་དང་དབུ་མེད་ཀྱི་ཁྱད་པར་མི་ཤེས་པ། དེ་མིན་དབུ་མེད་ཀྱི་བསྐོང་ཡིག་སོགས་ཀློག་མི་ཤེས་པ་དང་འབྲི་མི་ཤེས་པ་སོགས་ཀྱི་སྐྱོན་མང་ཙམ་ཞིག་མཆིས་པས། ང་ཚོས་མ་མཐའ་ཡང་དམའ་འབྲིང་མཐར་ཕྱིན་གྱི་ཚད་ཙམ་ནས་དབུ་ཅན་དང་དབུ་མེད་ཚང་མ་ཀློག་ཤེས་པ་དང་འབྲི་ཤེས་པ་ཞིག་བྱེད་རྒྱུ་ནི་གལ་ཤིན་ཏུ་ཆེ།

    གལ་ཏེ་བོད་གོས་གྱོན་པ་དང་བོད་ཡིག་འབྲི་བ་ལ་དུས་ཆེན་རེ་གཏན་ཁེལ་བྱས་སྲིད་པ་ཡིན་ན། དེ་ནི་མི་རིགས་ཤིག་གི་བླ་སྲོག་ཉམས་དམས་སུ་སོང་བའི་རྟགས་མཚན་ཡིན་པས།ཡབ་མེས་གོང་མ་དག་གིས་ཤུལ་དུ་བཞག་པའི་ཤེས་རིག་གི་ནོར་བུ་དག་རྗེས་རབས་པས་རྩ་མེད་དུ་བོར་བརླགས་ཐེབས་ན་ག་ལ་རུང་།

    རྒྱལ་ཁབ་དང་མི་རིགས་གཞན་དག་གིས་འུ་ཅག་གི་རིག་གནས་ལ་དང་དོད་ཆེན་པོས་སློབ་སྦྱོང་བྱེད་མེས་སུ་མཆིས་ན།འུ་ཅག་ནི་སྨྲོས་མ་དགོས་ཏེ། ལུས་ཀྱི་ཁྲག་དང་རུས་པ་བོད་ལས་གྲུབ་པའི་བོད་མི་དག་མ་ཡིན་པས་རིག་གནས་འདི་དག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་འགན་འཁྲི་ཡོད་ལ། ཅི་ནས་ཀྱང་འབད་ལ་མཐར་ཕྱིན་མཛད་དགོས།

    དོན་དངོས་སུ་དེ་རིང་ནི་བོད་ཡིག་འབྲི་བའི་དུས་ཚོད་མིན་པར། ལོ་གཅིག་ལ་རང་ཉིད་ཀྱིས་བོད་ཡིག་ག་ཚོད་བྲིས་པར་ཚང་རྩིས་བྱེད་པའི་ཉིན་མོ་དེ་ཡིན།

    ང་ཚོས་རྒྱུན་དུ་བོད་ཡིག་འབྲི་དགོས། བོད་སྐད་བཤད་དགོས། བོད་ལྭ་གྱོན་དགོས།དེ་ནི་བོད་པ་བྱིངས་ཀྱི་ཐུན་མོང་གི་འོས་འགན་ཡིན་པ་སེམས་ལ་ཟུངས།

    2018-4-30ཉིན་བྲག་འགོ་ནས་བྲིས།

    相关文章

      网友评论

          本文标题:བོད་ཡིག་རྒྱུན་དུ་ཕྲིས།

          本文链接:https://www.haomeiwen.com/subject/nfvtrftx.html