ཚན་པ། བཅུ་གསུམ།
དཔེར་ན། རི་མགོར་མགོ་བ་ལྟ་བུ་ལ་ཆ་མཚོན་ན། རི་བོ་ཞིག་གང་ཞིག་ལ་འཛེགས་མིན་དེ་བྱ་བའི་ཁ་ཕྱོགས་ཡིན་ལ། དེ་ནས་དངོས་སུ་ལམ་ལ་ཞུགས་པ་ཚེ། འགའ་ཤོས་ཀྱིས་རི་མགོར་འཛེགས་རྒྱུ་དེ་ཉིད་ཉིན་དེའི་དམིགས་ཡུལ་དུ་འཛིན་ངེས་ཞིང་འགའ་ཤོས་ཀྱིས་རི་རྩེར་འཛེགས་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད། རིགས་གཉིས་པ་ལྟར་དུ་རི་རྩེར་འཛེགས་རྒྱུ་དེ་མི་ཚེའི་དམིགས་འབེན་ཡིན་ན། ངེས་པར་རྐང་བ་བརྒྱབ་ནས་འགྲོ་མི་དགོས་པར་གློག་སྐས་སོགས་ལ་བརྟེན་ནས་ཀྱང་རི་རྩེར་ལམ་སང་སླེབས་ཐུབ་པ་རེད། འོན་ཀྱང་དེ་ལྟར་རི་རྩེར་སླེབས་པ་ན། ཆེས་དོན་སྙིང་ལྡན་པའི་ལམ་བར་གྱི་བརྒྱུད་རིམ་སྣ་ཚོགས་དང་། རང་བྱུང་གི་ལྟད་མོ་ཁྱད་མཚར་བ་ལ་མྱོང་རོལ་ཅི་ཡང་བྱ་མ་ཐུབ་པས། རི་མགོར་འཛེགས་པའི་ལམ་བར་གྱི་སྐྱིད་སྣང་དང་བདེ་སྐྱིད་ཀྱང་གཏན་ནས་ཚོར་ཐབས་བྲལ། གལ་སྲིད་མི་དེའི་རིགས་ཀྱིས་རྐང་བ་ཁོ་བརྒྱབ་ནས་རི་རྩེར་འཛེགས་པའི་དབང་དུ་བཏང་ཡང་མཐའ་ཐུག་པའི་དམིགས་ཡུལ་ཁོ་ནར་སེམས་འཕྲེང་བ་ལས་ལམ་འགྲམ་གྱི་ཡིད་དུ་འོང་བའི་མེ་ཏོག་གི་མཛེས་པ་མི་ཚོར་ཞིང་། སྙན་ཤིང་འཇེབས་པའི་བྱའུ་སྐད་ལ་ཡང་རྣ་བ་གཏད་མི་ཤེས་སོ།། མི་དག་ལ་ལམ་བར་ན་བདེ་སྐྱིད་མེད་པ་མ་ཟད། རྒྱང་རིང་བའི་ཡུལ་གྲུ་དེར་སླེབས་པ་ནའང། ཕྱིར་དྲན་དང་མྱོང་རོལ་དམིགས་བསལ་གང་ཡང་མེད་པས་སྔར་བཞིན་སྐྱིད་སྣང་མབན་ཉིད་པ་ཞིག་ཡོང་ཐབས་བྲལ་ལོ།། དེ་ལས་རིགས་དང་པོ་སྟེ། རི་མགོར་འཛེགས་རྒྱུ་དེ་ཉིད་དམིགས་ཡུལ་དུ་འཛིན་མཁན་ཡིན་ན། རི་རྩེར་སླེབས་མིན་ལ་ཁ་ཡ་བྱ་མི་དགོས་པར་རི་མགོར་འཛེགས་པའི་བརྒྱུད་རིམ་དེ་ཉིད་ཅི་དགར་ལོངས་སུ་སྤྱད་ཆོག་པས། དེའི་རིགས་ཀྱིས་ད་གཟོད་རང་བྱུང་གི་མཛེས་པ་མཐོང་ཐུབ་ཅིང་། སྙན་འཇེབས་ལྡན་པའི་བྱེའུ་སྐད་སྣ་ཚོགས་ལ་ཡང་ལྷོད་ཀྱིས་རྣ་བ་གཏད་ཆོག་པས། གོམ་གང་སྤས་པ་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཆོག་གོ། དཔེ་དེ་བཞིན་དུ་ང་ཚོས་ཀྱང་རི་རྩེར་འཛེགས་པ་དམིགས་དབེན་དུ་འཛིན་པ་ལྟར་རྒྱང་རིང་བའི་གྲུབ་འབྲས་གང་ཞིག་ལ་དེ་འདྲའི་ཧམ་འདོད་མི་བྱ་བར་རི་མགོར་འཛེགས་པ་དེ་ཉིད་དམིགས་ཡུལ་ལ་སྒོམ་མཁན་ལྟར་བྱ་བའི་བརྒྱུད་རིམ་ཁོ་ན་ཅི་དགར་་ལོངས་སུ་སྤྱོད་ནུས་ན་དེ་ལས་ལྷག་པའི་བདེ་སྐྱིད་འཚོལ་ཐབས་གཞན་ཞིག་ལར་ནས་མེད་པར་བཤད་དོ།།
网友评论