སེམས།
སྙན་ཚིག་དྲི་བསུང་དཔྱིད་ཀྱི་སྒེག་པ་མོ། །
མཐོང་བའི་རྗེས་སོང་རིག་བྱེད་ལྷ་ཡི་རྗེ། །
ཚངས་དབྱངས་རྫོགས་པའི་དབྱངས་ཅན་ལྷ་མོ། །
སྙན་ངག་འདོད་པའི་གམ་དུ་མྱུར་བྱོན་ཅིག །
ཀྭ་ཡེ་སེམས་ནང་ཡོད་པའི་བོད་པ་ཚོ། །
ཁ་ནས་གཞན་སྐད་མི་སྨྲ་རང་སྐད་ཤོད། །
ག་ན་ཕྱིན་ཡང་ཕ་སྐད་མ་བརྗེད་བས། །
ང་ཡི་མི་རིགས་བསམ་ན་བོད་སྐད་བརྩོན། །
ཅ་ཅོའི་གཏམ་ངན་མི་སྨྲ་བོད་པའི་བུ། །
ཆ་ལུགས་སེམས་བཟང་གོམས་སྲོལ་བོད་པའི་རྒྱན། །
ཇ་ཁ་དམར་བའི་གདོང་དམར་བོད་ཚོ། །
ཉ་མོ་བཞིན་དུ་གང་སར་མ་ཁྱུགས་རོགས། །
ཏ་ལོའི་ལོ་འདབས་རིམ་བཞིན་རྒྱས་བཞིན་ཡོད། །
ཐ་སྙད་པ་ཡིས་ཡར་ངོ་ཟླ་ལྟར་འཕེལ། །
ད་ལྟ་ཕ་སྐད་རང་ལ་དབང་བའི་དུས། །
ན་གཞོན་ང་ཚོས་ཕ་སྐད་དམ་འཛིན་དགོས།
པ་ཏོ་ལ་དག་ནང་པ་ཆོས་ལ་དད། །
ཕ་སྐད་མ་ཡིག་སྦྱོང་བའི་དུས་ལ་འབབ། །
བ་རྒྱ་བཞིན་དུ་སྤྱི་ཚོགས་དེ་ཡི་ཐོག །
མ་ཡིག་མང་ཙམ་བཀོལ་དགོས་བོད་པ་ཚང་། །
ཙ་མ་ར་ཡི་ནུས་རྩལ་རྩྭ་ཐང་དབང་། །
ཚ་ཟེར་དྲོ་སྐྱིད་ལྡན་པའི་ཁ་བ་ལྗོངས། །
ཛ་དྲག་དེང་སང་བདག་གི་གསུམ་རྩེན་ནས། །
ཝ་ལེར་རང་ལ་མི་དབང་ཉེན་ཁ་ཆེ། །
ཞ་འཐེང་སྙིང་རེ་རྗེ་བའི་ཀླད་མེད་ཚོས། །
ཟ་མ་བསམ་ནས་ཞ་ནད་མི་བཅོས་པ། །
འ་ཅག་ཁ་རྒྱབ་དོན་ལ་འཆི་བྱས་ན། །
ཡ་མ་ཟུང་གི་ལྟ་ལོག་གསལ་བོར་རྟོགས།
ར་མ་ལུག་སྐད་མ་བཤད་ཨ་མའི་བུ། །
ལ་བརྒྱ་ཁ་བཤད་མ་བྱེད་ལག་ལེན་གྱིས། །
ཤ་ཚ་སྙིང་ཉེ་སྤོབས་མེད་རང་རིགས་བོད། །
ས་སྟེང་འདི་ན་འཚོ་ཡང་དགའ་བ་མེད། །
ཧ་གོ་བོད་པ་ཡིན་ན་ཕ་སྐད་སྦྱོང་། །
ཨ་རོགས་ང་ཚོས་མ་འོངས་ཕ་གཞི་འཛིན། །
ང་ཚོ་ན་གཞོན་རྣམས་ཀྱི་འོས་འགན་ནི། །
ཕ་སྐད་མ་ཡིག་ཉམས་པ་སླར་གསོ་དགོས། །
སྨྱུག་མིང་། རིག་པའི་གྲུཟིངས།
༢༠༢༡.༣.༡༠
网友评论