གསུམ་པ་ཚེ་མི་རྟག་པ་བསྟན་པ་ལ།
༧ ནམ་ཟླས་བསྐྱེད་པའི་རྩི་ཏོག་བཀྲ། །
དུས་འགྱུར་ཞག་གཅིག་བ་མོས་སྐམ། །
དེ་བཞིན་དལ་འབྱོར་ཐོབ་ན་ཡང་། །
འཆི་བའི་རྐྱེན་མང་རྟག་པ་མེད། །
ཞེས་པས་ནི། དཔེར་ན་ནམ་ཟླ་དཔྱིད་ཀ་སྦྲང་ཆར་དང་དྲོད་སོགས་ཀྱིས་བསྐྱེད་པའི་མེ་ཏོག་དང་རྩི་ཏོག་སོགས་རབ་ཏུ་བཀྲ་བར་འགྱུར་ན་ཡང་། སྟོན་ཁ་དུས་ཚོད་དྲོ་གྲང་སོགས་ལ་འགྱུར་ལྡོག་བྱུང་ཚེ་ཞག་གཅིག་གི་བ་མོས་བཅོམས་ཤིང་སྐམ་པར་བྱེད་འགྲོ་བ་ནང་བཞིན་ཏུ། དེ་རེས་གོང་སྨོས་ལྟར་དལ་འབྱོར་ཚང་བའི་མི་ལུས་རིན་པོ་ཆེ་ལྟ་བུ་འདི་ཉིད་ལན་གཅིག་ཙམ་ཐོབ་ཡོད་ན་ཡང་། ཡང་དག་ཐར་པའི་བོན་ལ་འབད་བརྩོན་མ་བྱས་པར་ཉལ་བསྡད་ན། སྤྱིར་ན་ཕྱི་ཡི་སྣོད་དང་ནང་གི་བཅུད། ཕྲ་བ་དང་རག་པ་སངས་རྒྱས་དང་སེམས་ཅན་གང་ལ་ཡང་རྟག་པ་བརྟན་པ་མེད་ལ། ལྷག་པར་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ལ་རྟག་པ་དང་བརྟན་པ་མེད་དེ། དཔེར་ན་དུར་ཁྲོད་ཀྱི་མི་རོ་དང་། ལ་ཁའི་རྒྱུ་སྐར། ཆུ་ཁའི་རྦ་རླབས། ལྗོན་ཤིང་གི་སྐྱེ་འབོར་བཞིན་ཏུ་མི་རྟག་པ་ཡིན་ལ། དེ་བཞིན་ཏུ་ལ་ལ་མ་ཡི་མངལ་དུ་འཆི་བ་དང་། སྐྱེས་མ་ཉིད་དང་བྱིས་པའི་སྐབས་དང་དར་མའི་སྐབས་སོགས་དང་། རྒས་ནས་འཆི་བ་སོགས་ཚེ་ཚད་རིང་ཐུང་ངེས་མེད་ཡིན་ལ། ས་ཕྱོགས་ཀྱང་མཐོ་ས་དང་དམའ་ས། ཐག་རིང་ས་དང་ཐུང་ས། དེ་བཞིན་གཞི་ནས་འཆི་བ་དང་རི་ནས་འཆི་བ། ཁྱིམ་གྱི་ཕྱི་ནས་འཆི་བ་དང་ནང་ནས་འཆི་བ་སོགས་འཆི་བའི་གནས་ལ་ངེས་པ་མེད་པ་དང་། དུས་ཡང་དབྱར་དགུན་སྟོན་དཔྱིད་དང་ཉིན་མཚན་དུས་དྲུག་གང་དུ་འཆི་བའི་དུས་མ་ངེས་པ་དང་། ལྷག་པར་འཆི་བའི་རྐྱེན་ནི། ནད་རིགས་སུམ་བརྒྱ་དྲུག་ཅུ་དང་།
གློ་བུར་དུ་འཆི་བ་དང་འབྱུང་བ་བཞིའི་འཇིག་པ། ལུས་ལ་ཕན་ཕྱིར་དུ་ཟས་སྤྱོད་པ་ལ་བསྟེན་ནས་འཆི་བ་སོགས་རྐྱེན་ངེས་མེད་ཡིན་པས་ཅི་ཡང་རྟག་པ་དང་བརྟན་པ་མེད་དོ་ཞེས་པའོ།
༧ ཆུ་ལས་སྐྱེས་པའི་ཆུ་ལྦུ་དེ། །
སྐྱེས་མ་ཐག་ཏུ་འཇིག་བཞིན་དུ། །
སྣང་བ་ཐམས་ཅད་ལྟར་སྣང་ཡང་། །
རང་རང་ལས་བྱུང་རྐྱེན་གྱིས་འཇིག །
ཞེས་པས་ནི། དཔེར་ན་ཆུ་ལས་སྐྱེས་པའི་ཆུ་ནང་གི་ལྦུ་བ་དེ་ནི། སྐྱེས་མ་ཐག་ཏུ་ཡུན་རིང་མི་གནས་པར་འཇིག་འགྲོ་བ་ནང་ལྟར་དུ། འདི་ལྟར་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་རི་རབ་ཁང་ཁྱིམ་སོགས་སྣང་བ་ཐམས་ཅད་བདེན་པ་ལྟར་དུ་སྣང་ན་ཡང་། དེ་དག་བརྟན་པ་མེད་པར་རང་རང་ལས་བྱུང་བའམ་གཞན་པའི་རྐྱེན་གྱིས་འཇིག་འགྲོ་བ་ཡིན་ཏེ། དཔེར་ན་རླུང་དཀྱིལ་གྱི་མར་མེ་དང་། ཤིང་ལོའི་སྟེང་གི་ཆུ་ཐིག་མདང་དགོང་གི་རྨི་ལམ་བཞིན་ཏུ་གཅིག་ཀྱང་རྟག་པ་མེད་པར་འཆི་འགྲོ་བ་ཡིན་པས། དེས་ན་དལ་འབྱོར་དོན་ཡོད་བྱ་ཞིང་ནོར་བུ་དང་འདྲ་བ་འདིར་ནོར་ཉམས་ལོན་པར་བྱ་དགོས་སོ།
༧ ནམ་མཁའི་འཇའ་ཚོན་ཤར་བ་ལ། །
བྱིས་པས་མཐོང་ན་བདེན་པར་འཛིན། །
མ་གཉེན་བུ་སོགས་ནོར་རྫས་ལ། །
བློ་དམན་སོ་སྐྱེས་རྟག་པར་མཐོང་། །
ཞེས་པས་ནི། དཔེར་ན་ཉི་འོད་དང་ཆར་ཟིལ་འཕྲད་པ་ལས་ནམ་མཁའི་འཇའ་ཚོན་ཤར་བ་དེ་ཉེད་ལ། བྱིས་པ་དག་གིས་མཐོང་ན་བདེན་པ་རུ་འཛིན་པ་ཇི་བཞིན་ཏུ། རང་གི་ཕ་མ་དང་བུ་ཚ་གཉེན་ཉེ་འབྲེལ་རྒྱུ་ནོར་རྫས་སོགས་ལ། སྐྱེས་བུ་ཁྱད་པར་ཅན་དག་གིས་ནི་བདེན་མེད་རྒྱུ་མའི་རང་བཞིན་ཏུ་ཤེས་ཀྱང་།
ཤེས་རབ་དང་བློ་གྲོས་དམན་པའི་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་བདེན་པར་འཛིན་ཞིང་རྟག་པ་དང་བརྟན་པ་ཅན་ཡིན་པར་མཐོང་ལ། དེ་ལྟར་མཐོང་བའམ་འཛིན་པ་ནི་འཁྲུལ་བ་ཡིན་ཏེ། མ་གཉེན་བུ་དང་ནོར་རྫས་མཐོ་དམན་བར་གསུམ་གང་ལ་ཡང་རྟག་པ་མེད་པ་དཔེར་ན། བླ་མ་མཐུ་རྩལ་ཅན། རྒྱལ་པོ་མངའ་ཐང་ཅན། ཕྱུག་པོ་ཟས་ནོར་ཅན། སྐྱེ་བོ་དཔའ་ངར་ཅན། བུད་མེད་སྐྱེ་གཟུགས་ལེགས་པ་ལ་སོགས་མཐོ་དམན་ཅི་ལྟ་བུ་ཞིག་ཡིན་རུང་འཆི་བདག་གི་གཤེན་རྗེས་དབང་མ་བྱས་པ་ཞིག་ས་སྟེང་འདི་ན་མི་སྲིད་དེ།
དུས་ལ་བབ་ཙམ་ན། གཅེར་བུ་ལག་སྟོང་མཆན་ཏུ་བཅུག རྒྱུ་ནོར་ཟས་གསུམ་ཤུལ་དུ་བཞག བུ་ཚ་ཟླ་གྲོགས་ཀྱི་གྲལ་ནས་རང་ཉིད་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་ཏུ་འགྲོ་དགོས། དབང་ཆེ་ཡང་བྲན་འཁོར་གཅིག་ཀྱང་ཁྲིད་དབང་ནི་མེད། རྒྱུ་ཕྱུག་ཀྱང་ཁབ་སྐུད་ཙམ་ཡང་ཁྱེར་དབང་ནི་མེད། ཟས་ཟ་དབང་དང་གོས་གོན་དབང་མེད་པར་འགྲོ་དགོས་པ་ཡིན།
བསགས་པའི་ཐ་མ་འཛད་པས་མི་རྟག་སྟེ། ཚེ་སྟོད་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་ཟས་ནོར་ལོང་སྤྱོད་ཕུན་སུམ་འཚོགས་པ་ཡོད་པ་རྣམས་ཀྱང་།
ཚེ་སྨད་རྒུད་པའི་དུས་ལ་བབ། དབུལ་འདྲེན་ཕུགས་སུ་ཞུགས། ལྟོག་འཁྱམས་ནད་ཀྱི་གདུངས་ཏེ། མཐར་མུག་གྲིར་ཤི་བ་ཡང་དུ་མ་ཡོད། ན་ནིང་གནག་ཕྱུགས་བརྒྱ་སྟོང་མང་པོའི་བདག་པོ་ཡང་། ད་ལོ་གངས་ཞོད་དང་གོད་ཁ་སོགས་ཀྱིས་ཉེན་པའམ། མིན་ཀྱང་དགྲ་སྐུན་གྱིས་བརླགས་ཏེ་སྤྲང་པོར་གྱུར་བ་ཡང་དུ་མ་ཡོད། ཁར་སང་བདེ་སྐྱིད་སྙན་གསུམ་གྱི་ངང་དུ་གནས་པ་ཡང་། དེ་རིང་མི་ཤི་ཁང་ལོག་ཏུ་གྱུར་ནས་རྒྱལ་ཁམས་སུ་འཁྱམས་པ་ཡང་དུ་མ་ཡོད། འདུས་པའི་ཐ་མ་འབྲལ་བས་མི་རྟག་སྟེ། ཡུལ་ཆེན་པོའི་ཚོང་འདུས། རྒྱལ་པོ་ཆེན་པོའི་ཕོ་བྲང་། བླ་མ་ཆེན་པོའི་བོན་གྲལ་སོགས་ལ། ཕྱོགས་ཐ་དད་ཀྱི་མི་བརྒྱ་སྟོང་ཁྲི་འབུམ་འཚོགས་པ་ཐམས་ཅད་ཀྱང་མཐར་རང་རང་སོ་སོའི་ཡུལ་དུ་གྱེས། དེ་བཞིན་ཏུ་ལམ་གཅིག་གི་མགྲོན་པོ། གནས་གཅིག་གི་འཚོགས་པ། ཁྱིམ་གཅིག་གི་བཟའ་ཚོ་དང་ཉེ་འབྲེལ་སོགས་ཀྱང་མཐར་ཐམས་ཅད་སོ་སོར་འབྲལ་བའམ། འཆི་རྐྱེན་དྲག་པོ་གློ་བུར་དུ་བྱུང་ན་སྐད་ཅིག་ཙམ་ཡང་འགྲོག་པའི་དབང་མེད། མདོར་ན་འདུག་པའི་གནས་མི་རྟག་པས་རི་ཕུག་དང་བྲག་ཕུག་འགྲིམ། གོན་པའི་གོས་མི་རྟག་པས་གང་བྱུང་གི་དུག་པོ་གྱོན། བཟའ་བའི་ཟས་མི་རྟག་པས་དཀའ་ཐུབ་ཀྱི་འཚོ་བ་བསྟེན།
འགྲོགས་པའི་གྲོགས་མི་རྟག་པས་དགྲ་གཉེན་གྱི་འཁྲི་བ་ཆོད། བསགས་པའི་ནོར་མི་རྟག་པའ་དགོས་མེད་རྒྱུད་ལ་བསྟེན། ཆེ་བཙན་དང་སྙན་གྲགས་མི་རྟག་པས་རྟག་ཏུ་དམན་སར་ཟུང་སྟེ། ད་རེས་མིའི་ལུས་རྟེན་གྱི་ཚེ་ལྷག་ཅུང་ཟད་ལུས་པ་འདི་ལ་དགེ་སྦྱོར་ཡང་དག་པ་ཞིག་མྱུར་བ་ཉིད་དུ་མི་སྒྲུབ་རེ་སྙམ་དུ་ཞེ་ཐག་པ་ནས་བསྒོམ་མོ་ཞེས་གསུངས་པ་ལྟར་ཡིན་ནོ།
༧ ལག་པ་གཡས་ཀྱི་སེན་མོའི་སྟེང་། །
རྡུལ་གནས་དེ་ནི་མི་ཆགས་ལྟར། །
ལང་ཚོའི་ལྗོན་ཤིང་སྒྱུ་མ་ཡི། །
གཟུགས་བརྙན་དེ་ནི་མི་རྟག་ངེས། །
ཞེས་པས་ནི། དཔེར་ན་མིའི་ལག་པ་གཡས་ཀྱི་སེན་མོའི་སྟེང་དུ་རྡུལ་གནས་པའམ་ཡོད་པ་དེ་ནི་ལས་ག་དང་འགུལ་བསྐྱོད་སོགས་ཀྱི་རྐྱེན་བྱས་ནས་ཡིན་རིང་པོར་མི་ཆགས་ཤིང་ཆགས་མི་ཐུབ་པ་ནང་ལྟར་དུ། རང་ཉིད་ཀྱི་མཛེས་པར་སྣང་བའི་ལང་ཚོ་ལྗོན་ཤིང་ལྟ་བུ་འདི་ནི། སྒྱུ་མ་མཁན་གྱིས་སྔགས་བཏབ་ནས་རྡེ་ཤིང་རྟ་གླང་དུ་བསྒྱུར་བའི་སྒྱུ་མའི་གཟུགས་བརྙན་ནང་བཞིན་ཡིན་པས། དེ་ལ་རྟག་བརྟན་ཅི་ཡང་མེད་ལ་མི་རྟག་པ་ཁོ་ན་རུ་ངེས་པའོ། དེ་ཡང་དཔེར་ན། ཚེ་འདིའི་བདེ་སྐྱིད་སྙན་གསུམ་བསྒྲུབ་པའི་བྱ་རྩོལ་ལ་ཞེན་པའི་སྐབས་འདིར། གློ་བུར་དུ་འཆི་ནད་དྲག་པོ་ཞིག་གིས་བཏབ་སྟེ། ལག་ངར་ལ་སྔས་བྱེད། རྩིབ་མ་ལ་སྟན་བྱེད། ཁ་བཏོན་དུ་ཨ་ར་ར་བསྒྲང་པའི་དུས་སུ། ནད་ཀྱི་ཟུག་གཟེར་ཆེ་བའི་ངོ་ཚའི་འདུ་བྱེད་དང་བྲལ། ལུས་ཉམ་ཐག་པས་བྲང་ཡང་འགེབ་མི་ནུས། ཞིམ་མངར་གྱི་ཟས་མཐོང་ཡང་ཡིད་ལ་འདོད་པ་ཟད། བཟའ་བཏུང་གི་དང་ཁ་འགགས་པས་ཡིད་ཀར་ཡོང་བ་ཆུ་ལས་མེད། ལུས་ཀྱི་སྟོབས་ཤོར་བས་ལངས་ཉལ་གཞན་གྱིས་བྱེད། བརྩེ་བའི་གྲོགས་མང་ཡང་སྡུག་བསྔལ་རང་གཅིག་པུས་མྱོང་། སྲན་ཐབས་མེད་པའི་གཟེར་ཡོད་ཀྱང་བགོ་ཐབས་ནི་མེད། མོ་བོན་སྨན་དཔྱད་ཅི་བྱས་ཀྱང་ཕན་པའི་རེ་བ་ཟད་དེ།
ལུས་ཟུག་གཟེར་གྱིས་གདུངས། སེམས་སྡུག་བསྔལ་གྱིས་གནོན། མིག་མཆི་མའི་བཀང་། དབུག་རིང་ཐུང་བརྩེགས། དེའི་དུས་སུ་ནོར་གྱི་བསླུ་རུ་མེད།
དཔུང་གི་བཟློག་ཏུ་མེད། མགྱོགས་པ་འབྲོས་སུ་མེད། སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། ཐབས་དང་ཐུགས་རྗེ་གང་ཡང་མ་རྙེད་པར་ལས་ཀྱི་གཤིན་རྗེས་ནག་ཐུམ་གྱིས་གསོད་དེ། ཚེ་འདིའི་སྣང་བ་འགགས། ཕྱི་མའི་སྣང་བ་ཤར། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད། འཇིག་པའི་མུན་ནག་གིས་མདུན་ནས་བསུས། བར་དོའི་འཕྲང་རིང་གིས་མཐའ་ནས་གཅུར། གཤིན་རྗེའི་སྐྱེས་བུ་མགོ་བརྙན་ཅན་བསམ་གྱིས་མི་ཁྱབ་པས་རྒྱོབ་རྒྱོབ་དང་སོད་སོད་ཀྱི་ངང་ནས། བྲོས་ས་དང་གབ་ས། སྐྱབས་དང་སྐྱེལ་མ། མགོན་དང་རེ་ལྟོས་མེད་པར་ངན་སོང་གི་གནས་སུ་དེད་ནས། གཤིན་རྗེའི་མདུན་སར་རྩིས་ཀྱི་རྡེའུ་བཀྲམ། འཕྲུལ་གྱི་ཡིག་ཆུང་ཀློག ལུས་ཀྱི་མེ་ལོང་བལྟ་བའི་དུས་སུ། འཇིགས་སྐྲག་བྱས་ཀྱང་ཅི་ཕན། དེའི་དུས་ད་ལྟའི་དར་ཟབ་དང་ཚར་གོས་འཇམ་པོས་གཡོག ཇ་ཆུང་དང་ཞིམ་མངར་ཟས་ཀྱིས་གསོས།
རང་གི་གཅེས་པ་དང་དམར་བར་བཟུང་བའི་ལུས་འདི་ཡང་། ཐ་གུས་བསྡམ།
ཡོལ་བས་བསྒྲིབ། ས་རྡོས་བསྐྱོར་ཏེ། གདོང་སྔོ་ཧམ་མེ། མིག་མཆི་མ་ཙ་རེ། གོས་ཧྲུལ་གྱི་ནང་དུ་དྲིལ་ཏེ། རྡོའམ་སྤོ་ཏོ་ཞིག་འགྲམ་འོག་ཏུ་བཅུགས་ནས་བཞག་པའི་དུས་སུ། སྔར་གཅེས་དགུ་དང་དམར་བཅུ་ཇི་ལྟ་བུ་ཞིག་ཡིན་རུང་། ཡ་ང་བ་དང་སྐྱུགས་བྲོ་བའི་གནས་སུ་བྱེད། རང་གི་བུ་ཚ་ཡིན་ཀྱང་ཤི་ཙ་ན། རོ་དེ་མེ་ལ་སྲེགས་སམ། ཆུ་ལ་སྐྱུར་རམ། བྱ་ཁྱི་ལ་སྟེར་རམ།
ས་འོག་ཏུ་བཅུག་གམ། གང་ལྟར་མེད་པར་བྱེད་ཐུབ་ན་བློ་བདེ་བའི་ངང་ལ་གནས་པ་ལས་མེད། དེས་ན་རང་ཡང་འཆི་དགོས་པས། དེ་རིང་འཆིའམ།
སང་ཉིན་འཆིའམ། དེར་མ་ཟད་ད་ལྟ་དབུགས་ཕྱི་ནང་གི་བར་ཙམ་ལ་འཆིའམ་ནམ་འཆི་མ་ངེས་པས། དགེ་སྦྱོར་བློ་བདེ་ཞིག་མ་འགྲུབ་ན་ཤི་བའི་དུས་སུ་འགྱོད་པ་འོང་། དེ་བས་ན་འཆི་བརྒྱགས་སུ་དགེ་སྦྱོར་སྒྲུབ་པ་ལ་ཕྱི་བཤོལ་དང་ལེ་ལོ་བྱ་མི་ཁོམ་ཞེས་གསུངས་པ་ལྟར། ལང་ཚོ་ལྗོན་ཤིང་སྒྱུ་མའི་གཟུགས་བརྙན་ལ་བརྟན་པ་མེད་པ་དང་གཅེས་པར་འཛིན་པ་སོགས་འཁྲུལ་བ་རུ་ཤེས་པར་བྱ་ལ་དགེ་སྦྱོར་ལ་འབད་པ་གལ་ཆེའོ།
༧ སྒྱུ་མ་མཁན་གྱི་རྟ་གླང་དེ། །
ཡིན་པར་ཤེས་ན་མི་ཉོ་སྟེ། །
འགྲོ་བ་ཀུན་གྱིས་བདེ་འཛིན་པའི། །
བསླུ་བར་རྟོགས་ན་མི་ཆགས་སོ། །
ཞེས་པས་ནི། དཔེར་ན་སྒྱུ་མ་མཁན་གྱི་རྡེའུ་དང་ཤིང་སོགས་ལ་སྔགས་བརྒྱབས་ནས་གྲུབ་པའི་སྒྱུ་མའི་རྟ་དང་གླང་བོ་དེ། སྒྱུ་མ་དང་རྫུན་པ་ཡིན་པར་ཤེས་ན་དེ་ཉོ་བར་མི་བྱ་བ་ནང་ལྟར་དུ། འགྲོ་བ་ཀུན་གྱིས་སྣང་བ་ཡུལ་ངོས་ནས་ཡོད་པའམ་ཡུལ་སྟེང་ནས་གྲུབ་པར་འཛིན་པའི་བདེན་འཛིན་དང་བདག་འཛིན་འདི་དག་གིས་ནི། བསླུ་བ་ཡིན་ཀྱི་དེ་ལྟར་བསླུ་བ་ལ་བསླུ་བ་རུ་རྟོགས་ན་གཟུགས་སྒྲ་དྲི་རོ་སོགས་ལ་ཆགས་པར་མི་འགྱུར་ཞིང་ཆགས་ཞེན་སྤོང་ནུས་ལ། དེ་ལྟར་མ་ཆགས་པ་ལ་བསྟེན་ནས་འཁོར་བ་ལ་མི་འཁྱམས་ཤིང་ངན་སོང་དུ་མི་ལྟུང་ངོ་། དེ་ལྟར་ཚེ་མི་རྟག་པར་བསྒོམ་པའི་དགོས་པ་ནི། བླ་ཆེན་དྲན་པའི་ཞལ་ནས། བོན་ཐམས་ཅད་ཀྱི་དབུས་འཆི་བ་མི་རྟག་པ་བསྒོམ་པ་འདི་ཡིན་གསུངས་པ་ལྟར། འཁོར་བ་ལ་བློ་ལྡོག་པ། ཟས་ནོར་ལ་ཞེན་པ་ལོག་པ། དགྲ་གཉེན་གྱི་འབྲེལ་ཐག་ཆོད་པ། ཆགས་ཞེན་གྱི་མདུད་པ་གྲོལ་བ། འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་པར་རྟོགས་པ། དེ་ལས་ཀྱང་ཐམས་ཅད་བདེན་པར་འཛིན་པའི་དངོས་པོ་མ་གྲུབ་པར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པ། ཚད་མེད་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་དང་ལྡན་པ།
སངས་རྒྱས་ཐམས་ཅད་ཀྱི་སྲས་དང་གཡུང་དྲུང་སེམས་དཔའ་ཐམས་ཅད་ཀྱི་ཐུ་བོར་གྱུར་པ་སྟེ། མི་རྟག་པ་བསྒོམ་པས་དང་པོ་འཁོར་བ་རྒྱབ་ཏུ་བསྐྱུར། བར་དུ་འཁོར་བ་ལ་ཡིད་མི་འཇུག ཐ་མ་འཁོར་བར་ཕྱིར་མི་ལྡོག ཡང་དང་པོ་དགེ་བའི་སྒོར་འཇུག བར་དུ་དགེ་བ་ལ་ཕྱི་བཤོལ་མེད། ཐ་མ་དགེ་བ་མཐའ་རུ་ཕྱིན། དང་པོ་དད་པ་རྒྱུད་ལ་སྐྱེ་བར་བྱེད། བར་དུ་དད་པ་འགྱུར་ལྡོག་མེད་པར་བྱེད། ཐ་མ་དད་པ་མཐར་ཕྱིན་པར་བྱེད། ཡང་དང་པོ་དགེ་ལ་བརྩོན་པར་བྱེད། བར་དུ་བརྩོན་པ་ཕྱིར་མི་ལྡོག ཐ་མ་མཐའ་རུ་ཕྱིན།
དང་པོ་སྟོང་ཉིད་གཏན་ལ་ཕེབ་པར་བྱེད། བར་དུ་སྟོང་ཉིད་རྒྱུད་ལ་རྟོགས་པར་བྱེད། ཐ་མ་སྟོང་ཉིད་ཀྱི་དོན་མཐར་ཕྱིན་པར་བྱེད་པ་སོགས་བརྗོད་ཀྱི་མི་ལོང་པའོ། གཞུང་དོན་གསུམ་པ་ཚེ་མི་རྟག་པ་བསྟན་པའོ།
网友评论