美文网首页
སེམས་ཚོར་མགྱོགས་བྲིས།

སེམས་ཚོར་མགྱོགས་བྲིས།

作者: HUADan | 来源:发表于2016-11-28 15:44 被阅读0次
    སེམས་ཚོར་མགྱོགས་བྲིས།

                              སེམས་ཚོར་མགྱོགས་བྲིས།

                                            ༼  མལ་ཁྲིའི་སྟེང་གི་ཞར་བཀོད།  ༽

                                                     ________ སྡོང་ལོ།

    སྟོང་འདང་གི་འཚོ་བའི་ཟུར་ནས་མགོ་བོ་ཐེངས་ཤིག་བཏེགས་ན།

    ངའི་སྙན་ངག་ལ་དབུ་ཁྱུད་མེད་མོད།

    ར་བཟི་བའི་མིག་ཟུང་ཆ་གཉིས་ཡང་ཡང་དུ་བཙུམ་ན་འདོད།

    སྒོམ་བསྒྲུབ་འདིའི་མཐའ་འབྲས་ལ་སངས་མི་རྒྱས་བ་གསལ་ལེར་ཤར་ཡང་།

    ངའི་དམིགས་རྩེ་ལ་དང་ལྷོད་མེད་ན་འདོད།

    སུ་ཞིག་གིས།     ག་དུས་ཞིག་ལ།     ངའི་རྨི་ལམ་ཀྱི་གསང་བ་བརྟོལ་སོང་ན།

    བར་ཐག་གིས་བཅད་པའི་ཚོད་བགམ་དེ །

    དུས་དེ་ནས་བཟུང་གཏན་དུ་མེད་པར་བཏང་ཆོག

    གང་ལྟར།    དེ་དགོང །

    ངའི་ལོ་མང་ལ་སྦུབས་སུ་ཡིབ་པའི་ཕ་སྐད་ཀྱི་ཐ་སྙད་འགའ།

    བརྩེ་དུང་གི་གསང་བའི་རྒྱུ་ལམ་བརྒྱུད་དེ།

    སེམས་ངོས་ལ་འཇགས་པའི་མཛངས་མ་ཞིག་གི་བསྟོད་ཚིག་ཏུ་བསྒྲེངས་དགོས་བྱུང་།

    རྒྱ་ལྕང་ལོ་མ་ཡི་ཆ་ལུགས་མཛེས་རྒྱན་དུ་སྒོམ་ཞིང་།།

    དཔྲལ་བའི་སྨིན་མཚམས་ཀྱི་རི་མོ་རྒོད་གཤོག་ལ་འགྲན་པ།།

    ཁྲ་ཆུང་མིག་ཟུང་གི་ཉི་ཟླ་ཡ་ཐོད་དུ་ཤར་ན།།

    མགྲིན་པ་གསེར་ཁང་ནས་གསུང་བ་རང་མོས་སུ་ཤོར་འགྲོ།

    ཞལ་ངོ་དུང་མདོག་གི་ཟླ་བའི་མཛེས་རྒྱན་གྱི་ཆ་ལ།།

    ཁ་སྣ་ཆ་འགྲིག་གི་རི་མོ་པུར་རྩེད་དང་འདྲ་བ།།

    འགྲམ་པ་ཟོར་དབྱིབས་ཀྱི་མཁུར་ཚོས་དམར་ཆུང་གི་བྱི་རུ།།

    དྲན་པ་སྟོང་འདང་དུ་འདྲེན་པའི་ལྕག་ཀྱུ་དང་འདྲ་སོང་།།

    སྐེ་ཡི་གཡུ་བྱུར་གྱི་རྒྱན་ཆ་ཐུར་ཕྱོགས་སུ་འཕྱང་བའི།།

    བྲང་ཁ་བྱ་རྒོད་གྱི་དང་རུ་ལྡིར་ལྡིར་རང་བྱོས་ན།།

    རིལ་རིལ་འོ་འཛིན་གྱི་ཆ་གཉིས་འབུར་གཟུགས་སུ་དོད་པ།།

    ཚོར་བ་སྐྱེན་པོ་འདི་བྱུང་བའི་སྔོན་འགྲོ་ཡི་ཆ་ཡིན།།

    སྐེད་པ་རྡོ་རྗེ་ཡི་མདུད་པ་གཡོ་ཙམ་ཞིག་བྱས་ན།།

    དུས་རབས་སྟོད་ཐུང་གིས་མ་ཁེབས་ཕྱེད་ཙམ་ཞིག་མཐོང་བའི།།

    རང་ལུས་རིན་ཆེན་གྱི་ལྟེ་བའི་ཤ་གཟུགས་ཀྱི་རི་མོ།།

    མིག་གི་རྒྱལ་མོ་ཡི་བཅུད་ལ་རང་མོས་སུ་ལྷུང་འགྲོ།།

    མི་ཆེ་མི་ཆུང་གི་རྐུབ་དེ་ཕར་ཚུར་ལ་གཡོ་ཞིང་།།

    ཚད་ཚད་རན་རན་གྱི་སྐྱེས་གཟུགས་ངོམ་ངོམ་རང་བྱས་ནས།།

    ཐག་ཐག་གོམ་སྒྲ་དང་བཅས་ཏེ་མིག་ལམ་ནས་བརྒྱུད་ན།།

    མཚན་གསུམ་རྨི་ལམ་གྱི་ཐང་ནས་འགྲོན་པོ་ལ་བཀུག་འགྲོ།

    སྐྱེས་གཟུགས་ཚིགས་དྲུག་གི་སྨྱུག་མ་དྲང་ལྡེམ་དུ་སྐྱེས་ན།།

    ཡལ་ག་གཤིས་བཟང་གི་ལོ་མའི་གཞན་སེམས་ལ་བསྐུལ་འགྲོ།།

    མགྲིན་པའི་གུར་ཁང་ནས་སྙན་དབྱངས་ལྷང་ལྷང་དུ་སྒྲོག་ན།།

    དཔྱིད་གསུམ་ཁུ་བྱུག་གི་མགྲིན་དབྱངས་ལད་མོ་རུ་གྱུར་འགྲོ།

    འདྲ་པར་འགའ་མཐོང་རྗེས།

    བརྗོད་པར་འདོད་པའི་ཚིག་གི་ཕྲེང་བ་ལྟར་དུ་བརྒྱུས་ཀྱང་།

    རྐྱང་བའི་ཚུལ་གྱིས་མགྲིན་པ་གསེར་གྱི་ལྡིང་ཁང་དུ་བརྣངས་བས།

    འདི་ཙམ་ལས་མ་འཕྲོས།

     

    相关文章

      网友评论

          本文标题:སེམས་ཚོར་མགྱོགས་བྲིས།

          本文链接:https://www.haomeiwen.com/subject/pzyopttx.html