美文网首页
སྙིང་གཏམ་སེམས་ཀྱི་མེ་ཏོག།

སྙིང་གཏམ་སེམས་ཀྱི་མེ་ཏོག།

作者: 17e958322e4c | 来源:发表于2017-12-06 20:08 被阅读0次

        སྙིང་གཏམ་སེམས་ཀྱི་མེ་ཏོག།

                            དྷཱིཿའོད་འབར

    མདང་དགོང་ཉལ་བའི་མལ་ནས།།

    རྨི་ལམ་སྤང་ལྗོངས་སྟེང་དུ།།

    མེ་ཏོག་སྣ་བརྒྱ་དབུས་ནས།།

    ཁྱོད་ཀྱི་འཛུམ་མདངས་རྨིས་བྱུང་།།

    ཁྱོད་ཀྱི་དུང་སེམས་བསམ་སྟེ།།

    གཞི་ཁྱིམ་གཅིག་གི་ནང་དུ།

    འཛོམས་ནས་སྐྱིད་པའི་འཚོ་བ།

    རོལ་བའི་སྨོན་ལམ་བཏབ་ཡོད།

    འཇིག་རྟེན་མྱི་ཁར་མི་སྐྲག

    དཀའ་སྡུག་མང་ཡང་མི་འཇིགས།

    འཇིག་རྟེན་མི་ཡུལ་འདི་ནས།

    ཁྱོད་ལས་ལྷག་ཅིག་མི་དགོས།

    མཐོན་པོའི་གོ་ས་མི་སྨོན།

    ཕྱུག་པོའི་ནོར་ལ་མི་ཆགས།

    འགྱུར་མེད་དུང་་སེམས་ཡོད་ན།

    རིན་ཆེན་གསེར་ཡང་མི་དགོས།

    དུས་ལ་འགྱུར་བ་ཡོད་ཀྱང་།།

    བརྩེ་བ་འགྱུར་མེད་བརྟན་པོ།།

    འཁོར་བ་མུན་ནག་གྲུབ་རུང་།།

    དུང་བ་སྔ་བཞིན་བརྟན་ངེས།

    མཚན་མོའི་རྨི་ལམ་ནང་ནས།།

    ཁྱོད་ཀྱི་ཞལ་རས་རྨིས་བྱུང་།།

    བུ་ཆུང་ང་རང་དགའ་ས།།

    བུ་མོ་ཁྱོད་རང་ཡིན་སོང་།།

    རི་ལུང་རྡུལ་གྱིས་གཡོག་རུང་།།

    རང་ལུས་གྲང་ངས་མནར་ཀྱང་།།

    ཁྱོད་ལ་བཅང་བའི་བརྩེ་སེམས།།

    འགྱུར་མེད་རྡོ་རྐོས་མ་ཎི།།

    ང་ནི་ཁྱོད་ལ་དགའ་དགའ།།

    ཁྱོད་ནི་ང་ལ་དུང་དུང་།།

    འུ་གཉིས་ཕར་དགའ་ཚུར་དགའ།།

    མི་ཚེ་མཉམ་དུ་འཚོལ་དགོས།།

    རང་སེམས་དགའ་བའི་ཁྱེད་དང་།།

    མི་ཚེ་མཉམ་འགྲོ་བྱུང་ན།།

    སྐྱིད་སྡུག་གང་འདྲ་འཕྲད་ཀྱང་།།

    ཡོད་ཚད་མཉམ་རོལ་བྱ་ཆོག།

    ཚེ་འདིར་རྒྱུ་འབྱོར་མེད་རུང་།།

    འགྱུར་མེད་བརྩེ་བ་ཡོད་ན།།

    ལང་ཚོའི་སྐྱེས་གཟུགས་མེད་ཀྱང་།།

    ཁྱོད་དང་མཉམ་དུ་གནས་འདོད།།

    དུས་ཀྱི་འཕོ་འགྱུར་ཁྲོད་ནས།།

    གཞན་གྱི་མི་ཁ་མ་ཉན།།

    བཤད་པའི་སྙིང་གཏམ་དེ་ལ།།

    ཡིད་ཆེས་བརྟན་་པོ་ཡོད་དགོས།།

    དབྱར་ཀྱི་དུས་སུ་སླེབས་དུས།།

    ཁུ་བྱུག་གསུང་སྙན་སྒྲོག་ངེས།།

    བརྩེ་མཐུན་མཛའ་མོ་ཁྱོད་རང་།།

    དྲན་པའི་མིག་ཆུ་ཐོར་ངེས།།

    ནམ་ཟླ་དགུན་ལ་སླེབས་དུས།།

    ཁྲུང་ཁྲུང་ལྷོ་ཕྱོགས་འཕུར་ངེས།།

    ང་ཡི་སྙིང་གཅེས་ཁྱོད་རང་།།

    དྲན་པའི་ན་ཟུག་གདུང་ངེས།།

    མི་ཚེའི་ལོ་ཟླ་ཁྲོད་ནས།།

    ང་རང་གང་ལ་འགྲིམ་ཀྱང་།།

    ཁྱོད་ལ་ཡིད་ཆེས་བརྟན་པོས།།

    ལྷན་འཛོམས་རེ་སྒུག་བྱ་ངེས།།

    མ་འོངས་ལོ་ཟླའི་ཁྲོད་ནས།།

    དོན་དག་གང་འདྲ་འབྱུང་ཀྱང་།།

    འུ་གཉིས་ཕན་ཚུན་བར་ལ།།

    མགོ་སྐོར་བཏང་བར་མི་བྱ།།

    དམ་བཅའ་བརྟན་པོ་མིན་ན།།

    བརྩེ་བ་རྫུན་མས་ཅི་མཁོ།།

    ཁྱེད་དང་ངེད་གཉིས་བརྩེ་བ།།

    གངས་དཀར་ལས་ཀྱང་དཀར་དགོས།།

    བདག་ཡིད་གཏིང་ནས་འཕྲོག་པའི།

    མཛའ་མཐུན་སྙིང་གི་དགའ་མ།

    ཁྱོད་ནི་ང་ཡི་མི་ཚེའི།།

    ཡོད་ཚད་བཅོལ་ས་ཡིན་འདུག།

    ཁ་བྲལ་སྐྱོ་སེམས་འཛིན་ནས།།

    སྔོན་གྱི་བྱ་བཞག་དག་གིས།།

    བརྗེད་མེད་ལོ་རྒྱུས་གྲུབ་སྟེ།།

    རྗེས་དྲན་ཡང་ཡང་འཇོག་ཡོད།།

    འུ་གཉིས་བར་གྱི་བརྩེ་བ།།

    ཆུ་དང་ཉ་མོ་གྱིས་བཞིན།།

    ཕན་ཚུན་ཟབ་པའི་བརྩེ་བ།།

    ཆུ་བོ་ལས་ཀྱང་རིང་དགོས།།

    བཞག་པའི་དམ་བཅའ་བརྟན་པོ།།

    བརྗེད་མེད་སེམས་ལ་བཟུང་ནས།།

    ལྷན་འཛོམས་སྐྱིད་ཀྱི་ཉི་མ།།

    རེ་སྒུག་སེམས་ནང་བསྙལ་ཡོད།།

    ལོ་ཟླའི་རེ་སྒུག་ཁྲོད་ནས།།

    ཁྱོད་དང་འུ་གཉིས་ལས་ལ།།

    དྭངས་གཙང་ཆུ་བོ་བཞུར་འདྲ།།

    བར་ཆད་མེད་པའི་སྨོན་ལམ།།

    སྙིང་གཏམ་སེམས་ཀྱི་མེ་ཏོག།

    ཆད་མེད་བརྗོད་འདོད་ཡོད་འདུག།

    བརྩེ་བའི་དགའ་མ་ཁྱོད་ཀྱིས།།

    དྲན་ཕྱིར་རྩོམ་འདི་བཀོད་ཡོད།།

    སྙིང་གཏམ་སེམས་ཀྱི་མེ་ཏོག། དྷཱིཿའོད་འབར

    相关文章

      网友评论

          本文标题:སྙིང་གཏམ་སེམས་ཀྱི་མེ་ཏོག།

          本文链接:https://www.haomeiwen.com/subject/qawlixtx.html