ཚན་པ་བཞི་།
སྔོན་མར་བཤད་པའི་རང་ལ་སུན་སྣང་སྐྱེ་པ་དང་རེ་ཐག་པའི་ཆད་དགོས་པའི་རྒྱུ་རྐྱེན་མཐར་ཐུག་པ་དེ་ཡང་ང་ཚོའི་སེམས་རྒྱུད་ན་མངོན་པར་མི་གསལ་བར་གནས་པའི་བདག་ཉིད་ལ་བརྙེས་པའི་ལེ་ལོ་འམ་རང་སྨད་ཀྱི་འདུ་ཤེས་ཤུགས་དྲགས་པོ་ཞིག་ཡོད་པ་དེ་ལ་ཐུག་པར་བཤད། རང་ལ་སྨད་པ་དང་བརྙེས་འཛིན་གྱི་འདུ་ཤེས་སྐྱེ་ཚུལ་ལ་ཡང་རིགས་གཉིས་ཏེ། གཅིག་ནི་རང་དང་གཞན་གྱི་ལེགས་ཆའམ་རུན་ཐང་བསྡུར་བ་མ་ཡིན་པར་རང་དང་ཆེས་རེ་ལྟོས་བྱ་སའི་མ་འོངས་པའི་རང་ཉིད་གཉིས་བསྡུར་ཏེ། ད་ལྟའི་རང་ཉིད་ཀྱི་ཞན་ཆ་དང་མི་འདང་སའི་ཆ་མང་བོར་མཐོང་བ་ལས་སྐྱེས་པའི་བརྙེས་འཛིན་དེ་ཡིན། སེམས་ཁམས་འདིས་ནི་རང་ལ་སྒུལ་ཤུགས་རྩོལ་ཅིང་ཉམ་ཐག་པའི་རང་ཉིད་ལ་ཡར་རྒྱས་ཀྱི་དབུགས་དབྱུང་སྦྱིན་ཡོང་། དཔེར་ན་རང་ཉིད་སློབ་གཉེར་ལ་མི་བཟང་བས་རང་ལ་བརྙས་འཛིན་གྱི་བློ་སྐྱེ་སྲིད་ཀྱང་། རང་ཉིད་ཀྱིས་ཅི་ཡང་འཇོན་གྱིན་མི་འདུག་པས་ད་ནི་འབད་པ་དྲགས་པོས་སློབ་གཉེར་བྱ་དགོས་འདུག་སྙམ་སྟེ། བརྩོན་པའི་དཀའ་བ་དང་དུ་བླངས་པ་ན། བརྙན་འཛིན་གྱི་འདུ་ཤེས་དེ་རང་ཉིད་ལ་འཕོ་འགྱུར་གཏོང་བའི་སྟོབས་ཤུགས་སུ་སོང་བ་རེད། དེའི་རིགས་ནི་ང་ཚོར་མེད་དུ་མི་རུང་བའི་མཐུན་ཕྱོགས་ཀྱི་བརྙེས་འཛིན་དེའོ།། བདག་ཉིད་ལ་བརྙན་པའི་བསམ་པ་སྐྱེ་སྟངས་གཞན་ཞིག་ནི། རང་ཉིད་ལ་གཞན་ལྟ་བུའི་སློབ་གཉེར་གྱི་ཁོར་ཡིག་བཟང་བོ་དང་རིག་པ་གསལ་བོ། བརྩོན་འགྲུས་བརྟན་པོ་དེ་འདྲ་མེད་པས་རང་ཉིད་འདི་འདྲའི་ནུས་མེད་ཅིག་ཏུ་གྱུར་བ་དེ་ལས་དབང་ངོ་སྙམ་པ་ལས་བྱུང་བའི་བརྙེས་འཛིན་དེ་ཡིན། ནམ་རྒྱུན་སེམས་ཁམས་དེ་འདྲ་ཡོད་པའི་མིས་རང་ཉིད་སློབ་གཉེར་མི་བཟང་བས་ཕམ་ཁ་དེ་འདྲ་ཉོས་པ་ཡིན་པ་དང་། སློབ་གྲྭར་འགྲིམ་མ་ཚར་བས་རེ་བ་མེད་རབས་དང་། གཙོ་བོ་རང་ལ་ལྷན་སྐྱེས་ཤེས་རབ་ཞན་པས་མ་འགྲིག་པ་སོགས་སློབ་གཉེར་ལ་མི་འཇུག་པའི་ཆེད་དང་བརྩོན་འགྲུས་ཀྱི་དཀའ་བ་དང་དུ་ལེན་མ་འདོད་པའི་དམིགས་ཡུལ་དེ་འགྲུབ་ཕྱིར་དུ། རང་ཉིད་ཀྱི་ཞན་ཆ་ཡོད་ཚད་རང་ཉིད་ལ་རྒྱལ་ཁ་མ་བྱུང་བའི་རྒྱུ་མཚན་དུ་བགྲངས་རྒྱུར་དགའ་བ་དེ་རེད། བྱེད་སྟངས་དེ་དག་ཐམས་ཅད་དོན་དངོས་སུ་རང་སེམས་ན་སློབ་གཉེར་བྱ་འདོད་མེད་པ་དང་རྒྱལ་ཁ་ལེན་འདོད་མེད་པའི་སྐྱུག་བྲོ་བའི་བསམ་བློ་ཞིག་ཡོད་པ་དེ་ཁས་ལེན་མ་འདོད་པའི་ཁ་གཡར་ས་ཉག་གཅིག་དང་རང་སྐྱོན་འགེབས་ཐབས་ཙམ་ལ་སོང་ཡོད་སྟབས། དེ་འདྲའི་བརྙས་འཛིན་དེ་ནི་ཆེས་འཇིགས་སུ་རུང་བའི་རང་སྲོག་གཅོད་པའི་སྟ་རེ་དང་རང་ལམ་གཅོད་པའི་གཤེད་མ་དེ་ཡིན་ནོ།། དེའི་རིགས་ལ་མི་མཐུན་ཕྱོགས་ཀྱི་བརྙས་འཛིན་ཞེས་ཀྱང་བསྙད་དོ།། དེ་བས་བདག་ཉིད་ལ་བརྙེས་པའི་བློ་ཕྲན་ཙམ་རེ་སྐྱེ་བ་ནི། རྒྱུན་ལྡན་ཡིན་ཡང་གལ་སྲིད་མི་མཐུན་ཕྱོགས་ཀྱི་བརྙས་འཛིན་དེ་འདྲ་སྐྱེས་ཚར་ན་ཆེས་འཇིགས་སུ་རུང་བ་སྟེ། སྐབས་དེར་རང་གི་མི་ཚེ་དོན་ལྡན་དུ་གཏོང་བར་མ་ནུས་པ་མ་ཡིན་པར་གཏོང་འདོད་མེད་པའི་ངན་གཤིས་ཤིག་གྲུབ་ཚར་ཡོད་པས་སོ།།
网友评论