མ་དྲིན་ཆེན།
འབྲི•དྲང་སྨྱུག
མཐིང་སྨུག་སྦྲ་ནག་གྲུ་བཞིའི་བར་གསེང་ནས།།
མགྲིན་གླུ་བཞོ་དབྱངས་སྙན་མོ་ལེན་ཞོར་དུ།།
འབྲི་མོ་གཡང་ལྷའི་འོག་ནས་འོ་མ་འཇོ།།
འཛུམ་མདངས་རྣལ་མས་ཕྱུགས་པའི་ཨ་མ་ཞིག །
ཟླ་དགུ་ཞག་བཅུ་ཁྱེད་ཀྱི་ཁོག་དུ་གནས།།
ན་ཚོད་མ་ཟིན་ཁྱེད་ཀྱི་རུང་དུ་འཁྱུད།།
ཟུངས་བཅུད་འོ་མས་གསོས་ཤིང་ཁ་ཟས་བྱིན།།
མི་ལུས་རིན་ཆེན་ཐོབ་འདི་ཨ་མའི་དྲིན།།
ཁ་ལུད་མཆི་མ་མི་གཙང་ཁ་ཡིས་ཕྱིས།།
ཁ་འཇམ་ཚིག་སྙན་འབོད་བཞིན་ངུ་ཁ་ལོང་།།
རང་གི་ཚེ་སྲོག་ལས་ཀྱང་བུ་ལ་གཅེས།།
ད་ལྟའི་འཚོ་བསྡོད་ལེགས་པ་ཨ་མའི་དྲིན།།
ལུས་ཐོག་ལྭ་བ་དང་པོ་ཨ་མ་བཀོན།།
ཤེས་རིག་སྒོ་མོ་ཐོག་མ་ཨ་མས་ཕྱེས།།
དཔལ་འབྱོར་ཡོན་བདག་དང་པོ་ཨ་མས་བྱས།།
དྲིན་ཆེན་ཨ་མའི་དྲིན་ལ་ཟད་མཐའ་མེད།།
བསྐལ་བཟང་སངས་རྒྱས་སྟོང་གི་བྱིན་རླབས་དང་།།
སླུ་མེད་ལས་འབྲས་གཙང་མའི་བདེན་སྟོབས་ཀྱིས།།
དྲིན་ཆེན་ཕ་མའི་དྲིན་ལེན་འཕྲོད་པ་དང་།།
སྲོག་ལྡན་འགྲོ་བའི་བསམ་དོན་འགྲུབ་པ་ཤོག།
འཛམ་གླིང་མ་ཡུམ་དུས་ཆེན་འདི་དང་སྟུན།།
གནམ་འོག་སེམས་ཅན་ཡོངས་ཀྱི་ཡུམ་ཆེན་ལ།།
བཀྲ་ཤིས་སྨོན་ཚིག་ཁ་གཡང་འདི་ཡིས་མཐུས།།
ཨ་མའི་ཚེ་ཐག་རིང་བའི་ཤིས་པ་བརྩོལ།།
网友评论