བྲག་དཀར་སྤྲེལ་རྫོང་།
མཚོ་ལྷོ་བྱུར་དཀར་གྱིས་་་་
༡ བྲག་དཀར་སྤྲེལ་རྫོང་།
ཡབ་མས་ཚོས་རེ་སྐུལ་བཅོལ་ས་དང་
དད་གསུམ་གྱི་གུས་ཕྱག་འཚལ་ས་
ལོ་སྟོང་གི་འདས་སོང་ཁྲོད་ན་
སྙན་གྲགས་ཀྱི་བ་དན་དགུང་ལ་འཕྱུར་ཤིང་
ཆོས་འཁོར་གྱི་བརྟན་པ་ཕྱོགས་བཞིར་ཁྱབ་པའི་
རྫོང་ཆེན་བཞི་ཡི་ཡ་གྱལ་སྟེ་
གནས་འགང་ཆེན་བྲག་དཀར་སྤྲེལ་རྫོང་།
༢ བྲག་དཀར་སྤྲེལ་རྫོང་།
རྒྱབ་བྲག་དུང་རི་གཡས་འཁྱིལ་ཡང་སྟེང་དུ་
མ་བྲིས་ལྷུན་གྱིས་གྲུབ་པའི་རང་བྱོན་མང་
མ་བཏབ་སྐྱེ་ཚལ་མང་བའི་འདབས་རོལ་ན་
སྐྱེས་སྲོག་ཆོས་ལ་དད་ནས་སྐོར་ཞིང་གཡང་
སྐྱེ་འགྲོའི་ལག་ཟུང་གཏད་ནས་གུས་ཕྱག་འཚལ་
ཨེ་མ་གནས་ཆེན་བྲག་དཀར་སྤྲེལ་རྫོང་བསྟོད།
༣ བྲག་དཀར་སྤྲེལ་རྫོང་།
བསིལ་ལྡན་གྱི་ལྟེ་བ་འདི་དང་
ས་འཛིན་གྱི་དཀྱིལ་དྲུང་འདི་རུ་
རྔམ་བརྗིད་ཀྱི་ས་ཆེན་བཀབ་ནས་
ས་ཆེན་ལ་གཟི་འོད་འཕྲོས་སོང་།
བྱམས་ཆེན་གྱི་བརྩེ་ལ་གཟི་བརྗིད་ལྡན་པའི་
གནས་སྐྱབས་མཆོག་བྲག་དཀར་རིན་པོས་
ཆོས་མ་ཎིའི་གདམས་ངག་གསུངས་ནས་
ཡུལ་བྲག་དཀར་འོད་མདངས་རྒྱས་སོང་།
ནང་གྲྭ་བའི་ཆོས་ཚོགས་བརྒྱབ་སོང་
ཕྱི་མཇལ་བའི་སྐྱབས་འཇུག་ཞུས་སོང་
གནས་ཨ་ཧོ་ཁྱད་མཚར་ཆེ་ས་
སྐྱིད་གངས་ལྗོངས་བྲག་དཀར་ཞིང་ཁམས།
网友评论