美文网首页
སྒ་ཨ་མྱེ་དམ་པའི་རྣམ་ཐར།

སྒ་ཨ་མྱེ་དམ་པའི་རྣམ་ཐར།

作者: 单翼鸟 | 来源:发表于2017-12-07 20:18 被阅读0次
    སྒ་ཨ་མྱེ་དམ་པའི་རྣམ་ཐར།

        སྒ་ཨ་གཉན་དམ་པ། རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ལས། ལྡན་སྟོད་ལྒའི་ཡུལ་དུ། ཞེས་དང་། ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ལས། སྒ་ཨ་གཉན་དམ་པ་ལ་སོགས་པ་མཁས་གྲུབ་དུ་མ་རིམ་པར་བྱོན་པའི་གནས། གུ་ཚ་ཞེས་པའི་ཡུལ། ཞེས་པ་ལྟར་འབྲི་ཆུ་གསེར་ལྡན་འབབ་པའི་གཡོན་ཕྱོགས། སྒ་སྟོད་ཀྱི་གུ་ཚར་(ཁྲི་འདུ་རྫོང་ཁོངས་ཀྱི་གུ་ཚའི་སྐྱེ་ཆུ་ནི་ངོ་རོང་ནས་འབྲི་ཆུར་འབབ་ཀྱི་ཡོད་ཀྱང་། ཁྲིན་ཆིན་དབྱིན་陈庆英གྱིས་ཧོར་གོང་མའི་དབུ་བླ་འཕགས་པ་《元朝帝师八思巴》ཞེས་པར་ཆུ་མགོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་རྫ་ཆུ་དེ་ལྷོ་ནས་ཆབ་མདོར་སླེབ་པ་ན་ཟླ་ཆུ་澜沧江ཟེར་ཞེས་སོགས་བཤད་པ་ནི་ནོར་བ་ཡིན་)རབ་བྱུང་བཞི་པའི་ལྕགས་སྟག་ལ་འཁྲུངས། ཆུང་ངུ་ནས་ཡབ་གཤེགས་ཏེ་ཨ་ཁུར་བསྟེན། དམ་པའི་ཆོས་ཕྱོགས་སུ་དགྱེས་ཤིང་བླ་མ་སེར་མོ་བ་མཇལ་ན་མི་ཕྱེད་པའི་དད་པ་མཛད། འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་པ་ལྕགས་གླང་ལ་ཆོས་རྗེ་ས་པཎ་ལས་དགེ་ཚུལ་ཞུས་པས་མཚན་ཀུན་དགའ་གྲགས་པ་གསོལ། སློབ་དཔོན་དེ་ཉིད་ལས་མདོ་སྔགས་སོགས་གསན་པ་ཐོགས་མེད་དུ་མཁྱེན། དེ་ནས་སློབ་དཔོན་གྱི་བཀའ་བཞིན་རྒྱ་གར་དུ་ཕེབས་ནས་ལེགས་སྦྱར་གྱི་བསྟན་བཅོས་མང་པོ་གསན་སྦྱངས་མཛད་ནས་སླར་ཕེབས། བཅོ་ལྔ་པ་ཤིང་འབྲུག་ལ་ཆོས་རྗེ་ས་པཎ་ཁུ་དབོན་དང་ལྷན་དུ་བྱོན་པ་མེ་རྟ་ལ་ལང་ཇུར་བརྟོལ། ལམ་བར་ས་པཎ་གྱི་བཀའ་བཞིན་འཛེང་རྣམ་རྒྱལ་མགོན་ཁང་བཞེངས། ཀཿདམ་པ་བདེ་གཤེགས་དང་གྲུབ་རྟགས་འགྲན་ཚུལ་ཀཿཐོག་ལོ་རྒྱུས་སྐོར་རྙིང་མའི་ཆོས་འབྱུང་ལས་གསལ། ཧོར་ཡུལ་དུའང་ཆོས་རྗེ་ས་པཎ་གྱི་ཞབས་པད་བསྟེན་ཏེ་བསྙེན་པར་རྫོགས། ས་པཎ་འདས་རྗེས་འཕགས་པ་དང་ལྷན་དུ་འདས་མཆོད་བསྒྲུབས། ཉེར་གསུམ་པ་ལ་འཕགས་པ་དང་མཉམ་དུ་ཧོར་སེ་ཆེན་དང་མཇལ་འཕྲད་མཛད། སོ་གཅིག་པ་ལྕགས་སྤྲེལ་ལ་འགྲོ་མགོན་འཕགས་པས་ཆོས་དུང་དང་། གསེར་གྱི་གུར་ལྕམ་བྲལ། མན་ངག་གི་བེའུ་བུམ། གནམ་ལྕགས་རྡོ་རྗེ། སེ་ཆེན་གྱིས་སྡིག་སྦྱོང་དུ་ཕུལ་བའི་དངོས་པོ་མང་པོ་སོགས་གནང་ནས་ཉིད་ཀྱི་བླ་ཚབ་ཏུ་བསྐོས། ཁམས་ཀྱི་ས་དབྱིབས་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་ས་གནོན་ལ་གཙུག་ལག་ཁང་བཞེངས་དགོས་པའི་བཀའ་བཞིན་ཕེབས་ནས་ཁྲི་འདུ་སྐལ་བཟང་དགོན་གཙོ་བོ་གྱུར་པའི་ལྷ་ཁང་རྒྱ་ཕིབས་ཁྱུང་མགོ་ཅན་བརྒྱ་རྩ་བརྒྱད་ནང་རྟེན་དུ་ངོ་མཚར་ཅན་གྱི་རྟེན་རེ་དང་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཆ་ཚང་རེ་བཞུགས་པ་དགུང་ལོ་སོ་དྲུག་པའི་ཤིང་གླང་ལ་ལེགས་པར་གྲུབ། སོ་བརྒྱད་པ་མེ་ཡོས་ལ་ཧོར་རྒྱལ་གྱི་གདན་ཞུས་བཞིན་འགྲོ་མགོན་འཕགས་པའི་བླ་མཁྱེན་མཛད་ནས་ཕེབས། ཞེ་གཅིག་པ་ལྕགས་རྟ་ལ་རི་བོ་རྩེ་ལྔའི་རྟག་བདེ་གླིང་གི་དགོན་བདག་མཛད་ནས་ལོ་གཉིས་བཞུགས། ཆུ་སྤྲེལ་ལ་པེ་ཅིང་དུ་ཕེབས་ནས་ཕོ་བྲང་ནང་གི་མི་སྣ་རྣམས་ལ་བཀའ་ཆོས་གནང་ནས་ཆུ་རྟ་བར་བཞུགས། དེ་ནས་བློན་པོ་སང་གྷས་སྙན་ཕྲ་བྱས་ཕྱིར་མི་ཉག་བརྒྱུད་ལང་ཐོ་ལ་ཕེབས་ཏེ་ཆོས་འཁོར་བསྐོར། ཡང་སང་གྷས་ནན་ཞུས་བྱས་པས་ཁམས་སུ་ཕེབས་ཏེ་སྐལ་བཟང་དགོན་ནས་ལོ་དྲུག་ཙམ་རིང་དཔལ་ལྡན་ས་སྐྱའི་ཆོས་སྐོར་རྣམས་གསུངས། དྲུག་ཅུ་པ་ས་གླང་ལ་སླར་ཧོར་གྱིས་གདན་དྲངས་པས་ཕེབས་ཏེ་ཧྲིན་ཨན་圣安དགོན་དུ་བཞུགས། ཡང་སང་གྷས་ཕྲ་མ་བཅུག་སྟེ་ཧོར་རྒྱལ་གྱི་བཀས་ཁྲོ་ཀྲོས་潮州ལ་སྤྱུགས་པ་ཟླ་བརྒྱད་པའི་ནང་བསླེབས་ཏེ་ཁེ་ཡོན་开元དགོན་དུ་བཞུགས། དེར་དམག་དཔོན་ཞིག་གི་ཆུང་མ་ལ་ནད་བྱུང་བ་སྨན་པ་གཞན་གྱིས་གསོ་མ་ནུས་པ་བཅོས་པས་དམག་དཔོན་ནང་པའི་ཆོས་ལ་དད་པ་ཐོབ། ཁྲོ་ཀྲོས་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཅིང་ལི་净乐དགོན་ཉམས་གསོ་བྱེད་མགོ་ཚུགས་པ་ལྕགས་སྟག་ལ་གྲུབ། དེ་སྐབས་རྒྱ་ནག་ཏུ་ནད་ཡམས་བྱུང་བ་རྒྱལ་པོས་མོ་རྩིས་བྱས་ཏེ་དམ་པ་སྤྱུགས་པའི་བྱད་ཁར་ཤེས་ནས་སླར་གདན་དྲངས། ས་ཞིང་དང་རིན་པོ་ཆེ་མང་པོ་ཕུལ་ནས་བཟོད་གསོལ་ཞུས། ནད་ཡམས་གཅོད་དགོས་པའི་བཀའ་བཞིན་མཛད་པས་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། རེ་བཞི་པ་ཆུ་སྦྲུལ་ལོའི་དབྱར་ཀར་ཧོར་སེ་ཆེན་ལ་སྙུང་གཞི་ཕོག་པས་ཕོ་བྲང་དུ་གདན་དྲངས། ཁོང་གིས་སེང་གེ་སྒྲའི་སྒྲུབ་པ་ཞག་བདུན་མཛད་པས་རྒྱལ་པོ་ནད་ལས་གྲོལ། གསེར་སྒྲོམ་ལྔ་བཅུ་ཕུལ་ནས་སང་གྷས་སྙན་ཕྲ་བཅུག་ཚུལ་རྣམས་ཞིབ་ཕྲ་ཞུས་ནས་བཟོད་གསོལ་མཛད། རེ་ལྔ་པ་ཤིང་རྟ་ཟླ་བ་བཞི་པར་ཧོར་སེ་ཆེན་འདས་ནས་ཁྲིན་ཙུང་成宗གིས་རྒྱལ་ས་བཟུང་། དགེ་འདུན་པས་འབྲུ་ཁྲལ་མི་དགོས་པའི་འཇའ་ས་དང་བ་སོའི་ཐམ་ཀ་ཕུལ་ཏེ་སློབ་དཔོན་དུ་བསྟེན། རེ་དྲུག་པ་ཤིང་ལུག་ཟླ་བ་བཞི་པར་རྒྱལ་སྐྱོང་护国དགོན་གྱི་བདག་པོར་བསྐོས། བདག་ཉིད་ཆེན་པོ་བཟང་པོ་དཔལ་སྨན་རྩེར་སྤྱུགས་ཡོད་པ་ཁོང་གི་དགུང་ལོ་རེ་བརྒྱད་པ་མེ་བྱ་ལ་རྫུ་འཕྲུལ་ལེགས་ལམ་ལ་བརྟེན་ནས་ཧོར་གོང་མའི་ཏི་ཤྲིར་གྱུར། ཕྱི་ལོར་ས་སྐྱའི་གདན་ས་ལ་ཕེབས་མཆོག་པའི་བཀའ་དྲིན་བསྐྱངས། དོན་གསུམ་པ་ཆུ་སྟག་ལོའི་དཔྱིད་ཀར་ཧོར་རྒྱལ་ལ་སྙུང་གཞི་ཚབ་ཆེན་ཕོག་པ་བཅོས་པས་ཁོང་གི་དགོངས་བཞེད་བཞིན་མ་རུངས་པའི་ཁྲིམས་བཞི་མེད་པར་མཛད་ནས་ཁྲིམས་ཆས་ཟངས་རྟ་སོགས་ཕུལ། དོན་བཞི་པ་ཆུ་ཡོས་ཟླ་བ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས། ཆོས་རྗེ་ས་པཎ་གྱི་རྣམ་ཐར་དང་། ཆོས་རྒྱལ་འཕགས་པའི་རྣམ་ཐར། ས་སྐྱའི་གདུང་རབས། མགོན་པོའི་བེའུ་བུམ་སོགས་རྩོམ་ཆོས་དུ་མ། བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་། དྷརྨ་ཕ་ལ་རཀྵི་ཏ། ཞང་དཀོན་མཆོག་དཔལ། ལྡན་མ་ཀུན་དགའ་དཔལ། རབ་བཀྲམ་དྲུང་པ། ཧོར་སེ་ཆེན། ཧོར་ཁྲིན་ཙུང་སོགས་རྒྱ་བོད་ཧོར་གསུམ་གྱི་སློབ་མ་མཐའ་ཡས་པ་བྱུང་ངོ་། །

              འབུམ་གྲྭ་བློ་བཟང་ཆོས་འཕགས་སམ་མིག་གསུམ་པས་ཆོས་གྲོགས་ལྷན་འཛོམས་ཉིན་བསྡུས་ཏེ་སྤེལ།  2017•12•7

    相关文章

      网友评论

          本文标题:སྒ་ཨ་མྱེ་དམ་པའི་རྣམ་ཐར།

          本文链接:https://www.haomeiwen.com/subject/sobjixtx.html