སུན་སྣང་སྟེར་བའི་སྤོབས་པ།
ཚན་པ་གསུམ་པ།
ནམ་རྒྱུན་ང་ཚོར་རང་ཉིད་རང་ཉིད་ལ་རེ་ཐག་ཆད་ཅིང་སུན་སྣང་སྐྱེ་བ། ཡིད་ཆེས་ཞན་པ། ཡིད་མི་ཚིམ་པའི་སྣང་བ་མང་བོ་འབྱུང་བཞིན་ཡོད། དེ་འདྲའི་སྣང་བ་ལན་རེར་བྱུང་བས་མི་སྐྱོན་ཡང་འགའ་ཤོས་ནི་རྟག་པར་རང་ལ་རེ་ཐག་ཆད་ཡོད་ལ་སུན་སྣང་སྐྱེས་ནས་ཡོད། དེབ་དེའི་དགོངས་པ་ལྟར་ན། རང་ཉིད་ལ་སུན་སྣང་སྐྱེ་བ་དེ་ལ་དམིགས་ཡུལ་གཞན་ཞིག་ཡོད་ཟེར། དེ་ནི་ཕམ་ཁ་ཉོ་རྒྱུར་སྐྲག་པ་དང་བརྩོན་པའི་དཀའ་སྤྱད་དང་དུ་ལེན་མ་འདོད་པས། བསམ་གཟས་ནས་རང་ཉིད་སྐྱོན་སྣ་ཚོགས་ཀྱིས་ཚང་ལྟ་བུའི་མི་ནུས་མེད་ཅིག་ཏུ་བསྒྱུར་སྟེ། རང་ལ་རེ་ཐག་ཆད་དགོས་པའི་གནས་སུ་བཙན་གྱིས་བརྫངས་པར་བཤད། དེ་ཡང་མི་དེའི་རིགས་ཀྱིས་ཁོ་ཚོའི་མིག་སྔར་གྱི་སོས་དལ་བག་ཕེབས་དང་གནོད་ཤུགས་མེད་པའི་བདེ་སྐྱིད་ཉི་ཚེ་བ་དེ་བློས་གཏོང་མ་ཐུབ་པས་ཆེད་དུ་རང་ཉིད་ཅི་ཡང་མི་ཤེས་པའི་ལས་སུ་ཞུགས་པའོ།། ཡིན་ཡང་དེའི་རིགས་ཀྱིས་རང་ཉིད་ཀྱི་དམིགས་ཡུལ་གང་དེ་འགྲུབ་ཆེད་དུ་བསམ་བཞིན་དུ་ལམ་ཁ་དེ་འདྲ་གདམས་པར་གཏན་ནས་ཁས་མི་ལེན་པ་མ་ཟད། རང་ལ་རིག་པ་རྟུལ་བ། སྒྱིད་ལུག་ཆེ་བ། བརྩོན་འགྲུས་པ་ཞན་པ་ལ་སོགས་པའི་རྐྱེན་གྱིས་རང་གིས་ཅི་ཡང་མ་ཤེས་ཤིང་གང་ཡང་མ་འཇོན་པ་མ་གཏོགས། ང་ལ་ཡང་གཞན་གྱི་སློབ་སྦྱོང་གི་ཆ་རྐྱེན་དེ་འདྲར་འཛོམ་རྒྱུ་ན་ཡོད་ཚད་འགྱུར་ལྡོག་བྱུང་ངེས་པའི་སྐད་ཆ་བཤད་ངེས་པ་རེད། དེ་དག་ཚང་མ་ཁོ་ཚོའི་ཁ་གཡར་སའི་ལག་ཆར་བསྐྲུན་པ་ཙམ་ལས། དོན་ལ་ཁོ་ཚོ་ནི་དཀའ་ལས་རྒྱག་མི་འདོང་པའི་མི་བུ་རུལ་སུངས་བ་དང་སྡར་མ་རྐྱང་རྐྱང་ཡིན་པར་བསྙད། དེ་འདྲའི་འཇིགས་སུ་རུང་བའི་བསམ་བློ་དང་རང་མགོ་རང་མགོ་གཡོག་གི་ངན་གཤིས་ཀ་ཞིག་ཆགས་ཚར་ན་དེ་ནས་མི་ཚེའི་རིན་ཐང་ཡོད་ཚད་མེ་ལ་བསྲེགས་པ་ཡིན་ལ། ཡར་རྒྱས་ཀྱི་དབུགས་རྩ་བཅད་པ་ཡིན་པས་ཅི་ནུས་ཀྱིས་ཐ་མལ་ཀྱི་བསམ་སྤྱོད་དེ་རིགས་འགོག་ཐབས་ལ་འབད་དགོས་ཤིང་། ་གནད་དོན་འདིའི་རིགས་ནི་ང་ཚོར་ཤིན་ཏུ་འབྱུང་ཉེན་བས་ནམ་རྒྱུན་རང་གི་འདུ་ཤེས་འཛིན་སྟངས་སོགས་ལ་ལྟ་རྟོག་མང་ཙམ་བྱ་རྒྱུ་ཡང་གནད་དུ་ཆེའོ།།
网友评论