美文网首页
སུན་སྣང་སྟེར་བའི་སྙིང་སྟོབས། ༢

སུན་སྣང་སྟེར་བའི་སྙིང་སྟོབས། ༢

作者: SONAM0 | 来源:发表于2020-12-30 23:30 被阅读0次

    ཚན་པ་གཉིས་པ།

    ནམ་རྒྱུན་ཕལ་ཆེ་བས་བཤད་སྟངས་ཤིག་ལ་གལ་སྲིད་ང་ལ་ཡང་ཁོ་ལྟ་བུའི་སློབ་སྦྱོང་གི་ཆ་རྐྱེན་དེ་འདྲ་འཛོམས་རྒྱུ་ན། ནུས་འཇོན་གཉིས་ཀྱི་མི་ཞིག་འཁྱོངས་བར་ཐེ་ཚོམ་མེད་པ་དང་། གལ་སྲིད་དང་ཐོག་ང་མུ་མཐུད་ནས་སློབ་གྲྭར་འགྲིམ་ཡོད་པའི་དབང་དུ་བཏང་ན། ང་ད་ལྟའི་ཚད་འདིར་ལྷུང་མི་སྲིད། གལ་སྲི་ཁོ་དང་འདྲ་བར་བརྩོན་པ་བསྐྱེད་ཡོད་རྒྱུ་ན། ངས་ཀྱང་སློབ་ཆེན་རྒྱུག་འཕྲོད་ཡོད་ཁོ་ཐག་ཡིན་ཞེས་སོགས་ཀྱིས་མཚོན་པའི་ཁ་གཡར་ས་མང་བོ་འཚོལ་བ་དང་ཁག་གཞན་ལ་བཀྲི་བའི་གོམས་གཤིས་ཤིག་ང་ཚོར་ལོབས་ནས་ཡོད། དེ་ནི་དོན་གྱིས་རང་མགོ་རང་གཡོག་གི་ལས་དང་རང་སྐྱོན་འགེབས་ཐབས། རང་ཉིད་ནུས་མེད་ཅིག་ཡིན་པར་ཁས་ལེན་མ་འདོད་པའི་རྣམ་འགྱུར་ཙམ་ལས་ཅི་ཡང་མིན་པ་རེད། དེ་འདྲའི་ཆ་རྐྱེན་གང་ཞིག་མ་འཛོམས་པས་ངས་ནི་མཇུག་འབྲས་འདི་འདྲ་འཁུར་དགོས་བྱུང་བ་ཡིན་ཞེས་པ་དེ་རྒྱུ་རྐྱེན་དང་ཐག་གཅོད་སྨྲ་བའི་བསམ་བློའི་ཤན་ཞུགས་པ་ཡིན་ཞིང་། བསམ་བློ་དེའི་རིགས་ཀྱིས་སོ་སོའི་རྣམ་ཤེས་ཀྱི་ཐོག་ཏུ་ས་སྤུངས་པ་ལས་ཅི་ཡང་མི་ཕན་པ་མ་ཟད། རུལ་སྲུང་གི་གཤིས་ཀ་བསྐྱེད་བསྲིང་བྱས་ཏེ། དུས་ནམ་ཀུན་ཏུ་ཡར་རྒྱས་ཀྱི་དབུགས་རྒྱུན་གཅོད་པར་བྱེད། དེའི་རྒྱབ་ལྗོངས་ནས་ཤེས་ཡོང་བ་དེ་དོན་དངོས་སུ་ང་ཚོས་བྱ་བ་དེ་སྒྲུབ་མི་འདོད་པའི་དམིགས་ཡུལ་དེ་འགྲུབ་ཕྱིར་བརྩོན་པའི་དཀའ་བ་དང་དུ་ལེན་མ་འདོད་པ་དང་མུ་ནས་སློབ་གྲུབ་འགྲིམ་མ་འདོད་པ་ལས། སློབ་གྲྭར་མ་འགྲིམ་པའི་རྐྱེན་གྱིས་སློབ་ཆེན་རྒྱུག་མ་འཕྲོད་པ་དེ་རྩ་བའི་གནད་དོན་མིན་པ་ཤེས་དགོས། ང་ཚོའི་ཡ་ང་བའི་བསམ་ཚུལ་དེ་སྦ་གསང་མེད་པར་བཤད་ན། སློབ་སྦྱོང་བྱེད་འདོད་མེད་པའི་དམིགས་ཡུལ་དེ་འགྲུབ་ཕྱིར་སློབ་སྦྱོང་མ་བྱས་པ་དང་། སློབ་ཆེན་ལ་རྒྱུག་འཕྲོད་མ་འདོད་པས། རྒྱུག་མ་འཕྲོད་པ་ཡིན། དེ་འདྲ་ཞིག་ག་ལ་ཡིན་སྲིད་དེ། ཅི་ཞིག་ལ་རྒྱུག་འཕྲོད་མ་འདོད་པ་ཡིན་ཞེ་ན། རྒྱུག་འཕྲོད་པ་ལ་་སློབ་གཉེར་གྱི་དཀའ་སྡུག་མང་བོ་མྱང་དགོས་ལ། དེ་མྱངས་བ་ལ་མིག་སྔར་གྱི་སོ་སོའི་སོས་དལ་བག་ཕེབས་ཀྱི་སྐྱིད་སྣང་དེ་བློས་གཏོང་བྱ་དགོས་པས། སྐྱིད་སྣང་ཉི་ཚེ་བ་དེ་དཀའ་སྡུག་གི་རྔུལ་ཆུ་ལ་བརྗེ་མ་འདོད་པའི་དམིགས་ཡུལ་དེ་འགྲུབ་ཕྱིར། སློབ་གཉེར་དང་རིང་དུ་གྱེས་པ་རེད། རྒྱུག་སྤྲོད་ལ་འབད་པའི་དཀའ་སྡུག་མྱང་མ་འདོད་པ་རེད། དེ་ནི་མཐར་ཐུག་ན་རྒྱུག་འཕྲོད་མ་འདོད་པ་ཡིན། འོན་ཀྱང་ནམ་རྒྱུན་ང་ཚོས་རང་གི་དམིགས་ཡུལ་ངོ་མ་དེ་སྨྲ་རྒྱུར་སྐྲག་སྟེ། ཁ་གཡར་ས་གཞན་ཞིག་བཙལ་བ་ཡིན། དེ་ནི་གལ་སྲིད་ང་མི་མཐུད་ནས་སློབ་གྲྭར་འགྲིམ་ཡོད་རྒྱུ་ན། ངས་སློབ་ཆེན་ལ་རྒྱུག་འཕྲོད་ཡོད་པ་ཁོ་ཐག་ཡིན་ནོ་ཞེས་པའི་བཤད་སྟངས་དེའི་རིགས་ཐམས་ཅད་དོ།། དེ་བས་དོན་དངོས་སུ་རང་ལ་བློ་དཀའ་ཞིང་ཤ་ཚ་མཁན་གྱི་མི་ཞིག་འཁྱོངས་འདོད་ན། ཡོད་ཚད་འདས་དོན་་གྱི་མགོར་མི་འཕེན་ཞིང་ཁག་གཞན་ལ་དཀྲི་བའི་བསམ་བློ་རྒྱང་དུ་དོར་ནས། རང་སེམས་ན་རྩ་བའི་་དམིགས་ཡུལ་གང་ཡོད་པ་དེ་སྦ་གསང་མེད་པར་ཐེར་འདོན་བྱས་ཏེ། ངེས་པར་རང་སྐྱོན་ལ་འཛུམ་མོ་གེར་ཐུབ་མཁན་ཞིན་ཡིན་དགོས། ཉི་མ་དེ་ནས་བཟུང་རང་མགོ་རང་གཡོག་གི་འཇིག་རྟེན་རྫུན་མ་དེ་དང་གྱེས་ཕྱག་འཚལ་བའི་འགོ་བརྩམས་པ་ཡིན། ལྷག་པར་ཉི་མ་དེ་ནས་བཟུང་རང་རྒྱུད་ལ་རུལ་སུང་གི་བསམ་བློ་ཐ་ཆད་དེའི་རིགས་སྐྱེ་བར་དོགས་ཟོན་དང་ལྟ་རྟོག་བྱེད་པའི་འགོ་བརྩམས་པ་ཡིན།

    相关文章

      网友评论

          本文标题:སུན་སྣང་སྟེར་བའི་སྙིང་སྟོབས། ༢

          本文链接:https://www.haomeiwen.com/subject/tmwkoktx.html