ལས་ངན་མི་ཡི་ལུས་ལ་བུང་བུའི་སེམས།།
དུས་ངན་སྙིགས་མའི་དུས་ཀྱི་བཙན་སྨྱོན་ང།།
གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་ལྟར།།
ལྟེ་ཁྲག་ཐོག་མ་མི་ཡི་ཡུལ་ལ་ལྷུང།།
ཀ་ཁའི་དབྱངས་རྟ་སྙན་མོ་མ་ཤེས་ཀྱང།།
མེས་པོའི་ཁྲག་རྒྱུན་དངས་མའི་གླེན་ཕྲུག་ང།།
འདི་དང་གང་ཡང་མ་ཤེས་རྨོངས་འཐོམས་ངས།།
རང་རིགས་བླ་གཙོང་མི་བྱེད་དམ་བཅའ་འཇོག།
གཡོ་ཅན་གཅམ་བུའི་ཚིག་ལ་ང་མི་དགའ།།
ཧམ་ཅན་ངོ་དགའི་ལས་ལ་ང་མི་འགུག།།
ཛུ་བག་ཁོག་པ་ཅན་གྱི་ཁྱི་རྒན་དག།།
བློ་ཆུང་ང་དང་རྒྱང་དག་རིང་བར་མཛོད།།
མི་དགའ་ངོ་དགའི་ལས་ལ་ང་སྐྱུག་བྲོ།།
སྲང་གཞུང་རྒྱུག་ཁྱི་ཁྲ་བོར་ང་ཡ་ང་།།
ཀླད་ཀོར་ཆེ་མདོག་ཅན་ལ་དགོད་ཤོར་རྐྱེན།
བཙན་སྨྱོན་ཚིག་གསུམ་འབྲི་བར་ཐལ་སོང་བས།།
ཐུགས་ཁྲོ་བྱུང་ཚེ་སྙིང་ནས་བཟོད་པར་གསོལ།། རྫོགས་སོ།།
་་་་་་་ཁྲི་བཙན་སྨྱོན་
网友评论