དེ་རིང་དཔེ་ཀློག་གི་ཁྲོད་ནས་རང་ལ་བློ་སྐྱེད་མང་བོ་རག་སོང་། སྔོན་ཆད་དང་བསྡུར་ན་དཔེ་ཆར་ལྟ་ཤེས་པ་དང་དོན་གོ་བ། སྤྱི་ཁོག་ལོན་གྱིན་པའི་སྣང་བ་འདྲ་ཞིག་སྐྱེས། དེ་ཡང་ད་ཚོད་རང་གི་སློབ་གཉེར་བྱ་སྟངས་ཅུང་ཙམ་ཇེ་ལེགས་སུ་འགྲོ་བཞིན་པའི་གྲུབ་འབྲས་ཡིན་ས་རེད། སློབ་གཉེར་བྱ་སྟངས་ལ་འགྱུར་བ་ཅི་ཞིག་བཏང་ཡོད་ཅེ་ན། ཆོས་ཐོག་རེ་རེའི་རྩོད་གཞུང་གི་གནད་ཆེ་བ་དག་བློར་བཟུང་བ་ཙམ་དུ་མ་ཟད་ཡང་དང་ཡང་དུ་སྐྱོར་ཏེ་སེམས་ལ་འདྲེས་པར་བྱས། ཉིན་རྟག་པར་སྐྱོར་བ་དེ་འདྲ་ཡང་མ་ཡིན་པར་ཉིན་ཁ་ཤས་རེ་བར་མཚམས་སུ་བཞག་ནས་སྐྱོར་བ་ཡིན། དེས་ནི་དོན་དངོས་སུ་གཞུང་ཚན་གང་ཉིད་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་བློ་ངོར་བརྟན་པོ་ཞིག་འཇགས་པར་བྱེད་ཅིང་། བརྗེད་ཐབས་བྲལ་བ་ཞིག་ཏུ་བཏང་ཡོང་བ་འདྲ། སྐྱོར་སྐབས་སུ་ཡང་བློ་ངོ་ཁོ་ན་ནས་མ་གཏོགས་དཔེ་ཆར་གཏན་ནས་བལྟས་པ་མིན། གལ་སྲིད་གཞུང་ཚིག་གང་ཞིག་ཅི་ལྟར་བསམ་ཀྱང་མ་དྲན་པའི་ཚེ་ན། ད་གཟོད་དཔེ་ཆར་བལྟས་པ་ཡིན། ཡང་ཧ་ཅང་གྲོས་དལ་བའི་ངང་ནས་གཞུང་དོན་ལ་བསམ་བློ་གཏོང་ཞོར་སྐྱོར་བ་བས། མྱུར་དུ་རྫོགས་ཐབས་ཙམ་དང་ཆ་གཡུག་ཐབས་ཙམ་གྱི་ལས་དེར་གཏན་ནས་མི་ཞུགས་པར་འབད་ཀྱིན་ཡོད། དེ་ལྟར་ཡང་དང་ཡང་དུ་བློ་ཐོག་ནས་སྐྱོར་ཞོར་དུ་གཞུང་དོན་ལ་བསམ་བློ་ནན་གྱིས་བཏང་བའི་གྲུབ་འབྲས་སུ་མཚམས་མཚམས་གློ་བུར་དུ་ཞིབ་ཆ་མང་བོ་རྙེད་ཡོང་། གཞུང་དོན་ལེགས་པར་གོ་ཡོང་། སྤྱི་ཁོག་ཀྱང་འཆར་བར་བྱེད། འདི་ནི་སྔར་དང་མ་འདྲ་བའི་སློབ་གཉེར་གྱི་ཐབས་ལམ་གསར་བ་དེའོ།། བྱེད་ཐབས་འདི་ཉིད་རྒྱུན་སྐྱོང་གི་ཁྲོད་ནས་མ་འོངས་པར་སྔར་ལས་ལྷག་པའི་གྲུབ་འབྲས་མང་བོ་ལོན་པའི་རེ་བ་དང་ཡིད་ཆེས་བླ་མེད་བཅངས་ཡོད། བསམ་དོན་ཡིད་བཞིན་དུ་འགྲུབ་གྱུར་ཅིག
网友评论