རྒྱལ་སྲས་ཞི་བ་ལྷས། གྲུབ་པར་གྱུར་ན་སྨོས་ཅི་དགོས། མ་འགྲུབ་ནའང་མཛེས་པའི་རྒྱུ།། ཞེས་པའི་ལེགས་པར་བཤད་པ་འདིས་དབུ་དྲངས་ཏེ། བློ་དང་ལྡན་པ་གང་ཞིག་གིས་ང་ཚོ་མང་ཆེ་བས་མཐའ་མཇུག་གི་དམིགས་ཡུལ་དེ་མ་འགྲུབ་ན་རང་གི་མི་ཚེ་དོན་སྙིང་མེད་པ་དང་གཞན་ལས་མཆོག་ཏུ་གྱུར་བའི་རྒྱལ་ཁ་དེ་མ་ལོན་ཚེ་མི་ཚེར་རིན་ཐང་མེད་པའི་བསམ་པ་ཞིག་འཁོར་བཞིན་པ་དེ་ནི། ཆེས་ཆེ་བའི་ནོར་འཁྲུལ་ཞིག་ཡིན་ལ་བསམ་བློ་དེ་འདྲའི་དབང་གིས་མིག་སྔར་གྱི་མི་ཚེའི་རིན་ཐང་དང་འཚོ་བའི་བདེ་སྐྱིད་ཀྱང་ཚོར་མེད་དུ་བརླགས་བཞིན་པར་བཤད། དམིགས་བྱ་གང་ཞིག་འགྲུབ་པར་གྱུར་ན་རང་ལ་བལྟས་ཏེ་དོན་སྙིང་བླ་མེད་ཅིག་ཡོད་པ་སྨོས་ཅི་དགོས་ལ། གལ་སྲིད་མཐའ་དོན་གང་དེ་མ་འགྲུབ་ཀྱང་དེ་ཉིད་འགྲུབ་ཆེད་དུ་མི་ཚེའི་དཀའ་སྡུག་གི་རྔུལ་ཆུ་མང་བོ་གཏོར་བའི་གོ་རིམ་དེ་ཡང་ཆེས་རིན་ཐང་ལྡན་ལ་དོན་སྙིང་ཡོད་པ་ཞིག་ཏུ་ལྟ་ཐུབ་མིན་ནི། སོ་སོས་མིག་སྔར་གྱི་འཚོ་བའི་བདེ་སྐྱིད་ངོས་ཟིན་མིན་ལ་ཐད་ཀར་རག་ལས་པ་ཡིན་པས་ན། རྒྱལ་སྲས་ཞི་བ་ལས“མ་འགྲུབ་ནའང་མཛེས་པའི་རྒྱུ་”ཞེས་གསུངས་པ་ནང་བཞིན་སོ་སོས་བྱ་བཞག་གང་ཞིག་འགྲུབ་ཆེད་དུ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་པའི་བརྒྱུད་རིམ་རེ་རེ་ནི་ཚེ་སྲོག་གི་མཛེས་པ་རེ་རེ་དང་མི་ཚེའི་རིན་ཐང་དངོས་དེ་ཡིན་པར་ཚོར་རྒྱུ་དེ་ཇི་འདྲའི་གལ་ཆེ་བ་ལ། དེ་བས་མཐར་ཐུག་གི་དམིགས་ཡུལ་དེ་འགྲུབ་མིན་དེ་གཙོ་བོ་མིན་པར་ཆེས་གལ་གནད་ཆེ་བ་ནི། ཉི་མ་རེ་རེའི་འབད་བརྩོན་གྱི་བརྒྱུད་རིམ་དེ་ནི་མི་ཚེའི་དོན་དངོས་ཀྱི་གསོན་ཞུགས་དང་རྒྱལ་ཁ། རིན་ཐུང་དངོས་དེ་ཡིན་པར་ཚོར་ཐུབ་རྒྱུ་དེའོ།། ཉི་མ་རེ་རེར་རང་གིས་ནུས་ཚོད་ཀྱིས་འབད་བརྩོན་བྱས་པ་དེ་ཙམ་གྱིས་རང་ལ་རྒྱལ་ཁ་ཐོང་སོང་། རང་མི་ཚེར་རིན་ཐང་བསྐྲུན་ཡོད་སྙམ་པ་བྱུང་ན་གཞན་ལ་འགྲན་སེམས་མེད་ཅིང་རང་ཉིད་རང་གི་འཚོ་བར་ཡིད་ཚིམ་པར་འགྱུར། རང་གི་མི་ཚེ་དོན་ལྡན་དུ་མཐོང་། མིག་སྔར་གྱི་བདེ་སྐྱིད་དང་རིན་ཐང་ཡང་ཚོར་ངེས་སོ།།
网友评论