དམར་ཁ་ཚ།
ས་མཐའ་སྡེ་མཐའ་འགྲིམས་པའི་མོ་ལོ་ཉི་ཤུའི་ནང་ལ།།
ཁ་ཐག་རིང་བོ་མིན་ཡང་ཁྱིམ་མཚེས་གཡས་གཡོན་མ་རེད།།
ལེ་བར་ཁྲི་ཕྲག་མེད་ཀྱང་རི་ཆུ་སྟོང་ཕྲག་བརྒལ་ཡོད།།
རྒྱལ་ཁབ་ཕྱི་ནང་མིན་ཡང་ཞིང་ཆེན་ཁ་ཁ་སོ་སོ།།
མི་རིགས་རྒྱ་རིགས་ཧེའུ་རིགས་སོག་པོ་ཁ་ཆེ་བ་སོགས།།
མི་རིགས་མི་གཅིག་སོ་སོའི་སློབ་གྲོགས་ཆ་མེད་རྒྱུས་མེད།།
འབྲེལ་འདྲིས་གོ་རིམ་ཁྲོད་ནས་ཤུགས་རྐྱེན་འདྲ་མིན་སྣ་ཚོགས།།
འདས་པའི་དུས་ཚོད་ནང་དུ་བག་ཆགས་བརྒྱ་བརྒྱ་སྟོང་སྟོང་།།
འབྲེལ་འདྲིས་ཐབས་ལ་ཞན་པའི་བུ་མོ་ང་ལ་མཚོན་ན།།
འགྲོ་འདུག་གར་སོང་ས་ན་གྲོགས་དང་གྲོགས་མོའི་ཁེངས་མེད།།
གཅིག་དང་གཉིས་ལས་མེད་ཀྱང་སྙིང་དང་གློ་བ་ཉེ་ས།།
སེམས་དང་སེམས་པའི་བར་ནས་སེམས་གཏམ་རྣལ་མ་བརྗོད་ཡུལ།།
ན་ནིང་ད་ལོ་ཞིག་ལ་གྲོགས་དང་ཁ་ཐག་རིང་བའི།།
ཁེར་རྐྱང་ཚོར་བ་རུམ་ནས་རི་གྲོང་ཉུལ་བའི་ང་ལ།།
གྲོགས་མོ་བསམ་དཀར་དཔྱོད་ལྡན་རང་ལས་ལྷག་ཅིག་ཡོད་ཀྱང་།།
གྲོགས་པོ་ཁ་སེམས་འདྲིས་ཤིང་འཛེམ་དོགས་མེད་པའི་གྲོགས་དཀོན།།
ཆམ་པ་ཕོག་པའི་ནུབ་མོ་ཆམ་སྨན་ཉོས་པ་བརྗེད་མེད།།
གྱོན་པ་བཀྲུ་ཐེངས་རེ་རེར་གསལ་འདེབས་བྱས་པ་གསལ་ལེར།།
ཟ་མ་བཟོ་དུས་རེ་རེ་ང་ཡིན་ཁྱོད་ཡིན་རྩོད་ཅིང་།།
ཟ་རིན་སྤྲོད་ལན་སོ་སོར་སུས་མགྱོགས་བྱས་པ་གཅིག་མིན།།
ལོ་རིམ་འཛིན་གྲྭ་གཅིག་པའི་གྲོགས་མཆོག་ཁྱེད་གཉིས་བཤད་ན།།
བཟང་ཚུལ་སེམས་ཚུལ་ཟེར་ན་རང་གི་ཡིད་ལ་མ་འཁོར།།
ཁ་ཡག་སྐམ་པོ་མིན་པར་ཁ་དོན་གཉིས་མཚུངས་ཡིན་པ།།
བར་གྱང་གཅིག་ལས་མེད་པའི་ཁྱིམ་མཚེས་ཡིན་པའི་ཆོག་གི།
ཟླ་གཅིག་ལྷག་པའི་དུས་ཀྱིས་ང་ལ་གོ་བརྡ་སྤྲད་རྒྱུར།།
ལས་ཀྱི་བསྐོས་པའི་གྲོགས་པོ་དམ་འཛིན་བྱེད་པར་བསྐུལ་ཡོད།།
དང་ལེན་མ་བྱས་རང་བྱས་རྒྱུ་མཚན་ཀླད་གོར་ཉག་གཅིག།
མཛའ་བརྩེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཐེངས་གཅིག་འདེབས་སོ།།
གཡུ་གྲོང་ནས།
网友评论