མཁན་ངག་དབང་ཤཱཀྱ། ༼ཤུལ་མ་དགོན།༽
༄༅། ། རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གི་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ། ལམ་ལ་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། འདིར་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལ་གཞིར་བྱས་གཞན་རྣམ་ཐར་ཚད་ལྡན་འགའ་ཞིག་གིས་ཟུར་བརྒྱན་ཏེ་རྗེ་བླ་མ་ཙོང་ཁ་བའི་རྣམ་ཐར་ཆེ་ལོང་རྣམས་ལོ་ཚིགས་དང་སྦྲགས་ནས་བཀོད་པ་ནི།
རྗེ་བླ་མ་ཙོང་ཁ་པ་མཆོག་ནི་རབ་བྱུང་དྲུག་པའི་བགྲང་བྱ་ ༣༡ པ་མེ་བྱ་དང་། ཕྱི་ལོ་ ༡༣༥༧ ལོར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དེ་ལྟ་ན་ད་ལོ་སྟེ་ ༢༠༡༧ ལོ་ལ་རྗེ་བླ་མ་སྐུ་འཁྲུངས་ནས་ལོ་ ༦༦༠ སོང་། དེ་ཡང་ཡབ་ཡུམ་གཉིས་ལ་སྲས་དྲུག་མངའ་བ་ལས་འདི་ཉིད་བཞི་བར་གསུངས།
༼དགུང་ལོ ༣ དང་། ཕྱི་ལོ་ ༡༣༥༩ དང་། ས་ཕག༽ ལོར་ཀརྨ་པ་རོལ་བའི་རྡོ་རྗེ་( ༡༣༤༠– ༡༣༨༣)ལས་དགེ་བསྙེན་གྱི་སྡོམ་པ་བཞེས། ཡབ་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་ཕུལ།
༼དགུང་ལོ། ༦ དང་། ཕྱི་ལོ། ༡༣༦༢ དང་། ཆུ་སྟག ༽ ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་( ༡༣༠༩__༡༣༨༥)གྱི་དྲུང་དུ་ཕེབས་ནས་བདེ་མཆོག་དྲིལ་བུ་པ་དང་ཀྱེ་རྡོར་ཕྱག་རྡོར་སོགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་དབང་ཞུས། དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང་། བདེ་མཆོག་དྲིལ་བུ་བའི་བདག་འཇུག་ཀྱང་ལན་མང་དུ་མཛད།
༼དགུང་ལོ ༧ དང་། ཕྱི་ལོ། ༡༣༦༣ དང་། ཆུ་ཡོས་༽ ལོར་ཆོས་རྗེ་དེ་ཉིད་ལས་རབ་བྱུང་དང་དགེ་ཚུལ་ཡང་བསྒྲུབ་པར་མཛད། མཚན་བློ་བཟང་གྲགས་པ་ཞེས་གསོལ། ཕྱག་རྡོར་དང་ཇོ་བོ་རྗེ་གཉིས་ཀྱིས་ཞལ་གཟིགས།
༼ དགུང་ལོ ༡༦ དང་། ཕྱི་ལོ་ ༡༣༧༢ དང་། ཆུ་བྱི་༽ལོར་ལམ་གྲོགས་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་དང་ཞང་པོ་གཉིས་དང་བཅས་དབུས་ལམ་དུ་ཞུགས།
༼དགུང་ལོ་༡༧ དང་ ༡༨ གཉིས། ཕྱི་ལོ་ ༡༣༧༣ དང་ ༡༣༧༤ གཉིས། ཆུ་གླང་དང་ཤིང་སྟག་༽ལོར་འབྲི་ཁུང་དུ་ཕེབས་ནས་འབྲི་ཁུང་སྤྱན་སྔ་གྲགས་པ་བྱང་ཆུབ་རིན་པོ་ཆེའི་མདུན་ནས་ཐེག་ཆེན་སེམས་བསྐྱེད་དང་། ཕྱག་ཆེན་ལྔ་ལྡན་སོགས་གསན། སྐྱིད་ཤོད་གུང་ཐང་ཚལ་དུ་ཚལ་བའི་སྨན་པ་དཀོན་མཆོག་སྐྱབས་ལས་གསོ་བ་རིག་པ་གསན། བདེ་བ་ཅན་དུ་བྱོན་ནས་སྙེ་ཐང་བཀྲ་ཤིས་སེངྒེ་དང་། གདན་ས་པ་དགེ་བསྐོངས་པ་གཉིས་ལས་ཆོས་འབྲེལ་གསན། སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་བླ་མ་ཨུ་རྒྱན་པ་གཉིས་ལས་ཕར་ཕྱིན་གསན། ཞག་བཅོ་བརྒྱད་ཙམ་ལ་ཕར་ཕྱིན་གྱི་ཚིག་ཀུན་ཐུགས་སུ་ཆུད། བླ་མ་འཇམ་རིན་པ་ལས་མདོ་སྡེ་རྒྱན་སོགས་བྱམས་ཆོས་རྣམས་གསན། བླ་མ་བསོད་ནམས་རྒྱལ་མཚན་( ༡༣༡༢__༡༣༧༥) ལས་དབང་དང་རྗེས་གནང་ཁ་ཡར་གསན།
༼དགུང་ལོ་༡༩ དང་། ཕྱི་ལོ་༡༣༧༥ དང་། ཤིང་ཡོས་༽ལོར་གསང་ཕུ་དང་བདེ་བ་ཅན་སོགས་སུ་ཕར་ཕྱིན་གྲྭ་སྐོར་ཐོག་མར་མཛད་པས་མཚན་སྙན་རྒྱས། དེ་ནས་ཞ་ལུའི་གདན་ས་པ་མཁན་ཆེན་རིན་ཆེན་རྣལ་རྒྱལ་( ༡༣༡༨ __༡༣༨༨) ལས་བདེ་མཆོག་མཻ་ཏྲི་བཅུ་གསུམ་གྱི་དབང་ཞིག་ཞུས། དེ་ནས་ས་སྐྱར་ཕེབས་ནས་ས་བཟང་པཎ་ཆེན་མ་ཏི་( ༡༢༩༤ –– ༡༣༧༦ ) པའི་དྲུང་ནས་ཆོས་གསན་རྗེས་རིམ་བཞིན་ས་སྐྱ་དང་། འདར་བཟང་ལྡན། ངམ་རིང་། འགའ་རོང་། ཨེ། གནས་རྙིང་རྣམས་སུ་གྲྭ་སྐོར་མཛད། ལམ་བར་དུ་བཀའ་གདམས་ལམ་རིམ་གྱི་ལུང་ཞིག་གསན་པ་དེ་ལམ་རིམ་ཐོག་མར་གསན་པ་ཡིན་སྙམ།
༼ དགུང་ལོ་༢༠ དང་། ཕྱི་ལོ། ༡༣༧༦ དང་། མེ་འབྲུག་༽ ལོར་རྩེ་ཆེན་དུ་ཉ་དཔོན་ལས་ཕར་ཕྱིན་གྱི་བཤད་པ་ཚར་གཅིག་དང་།དེར་རེད་མདའ་བ་( ༡༣༤༨__༡༤༡༢ )ལས་མངོན་པ་མཛོད་རང་འགྲེལ་དང་། དབུ་མ་འཇུག་པ་གསན། ལོ་ཆེན་བྱང་ཆུབ་རྩེ་མོ་ལས་ཆོས་འབྲེལ་གསན། ཆ་ཧར་དགེ་བཤེས་ཀྱིས་བརྩམས་པའི་རྗེའི་རྣམ་ཐར་ལས་གྲྭ་སྐོར་ཕེབས་ནས་འདིའི་བར་ལོ་གཅིག་བྱས་འདུག་པས་ཞིབ་ཏུ་དཔྱད།
༼དགུང་ལོ་༢༡ དང་། ཕྱི་ལོ་ ༡༣༧༧ དང་། མེ་སྦྲུལ་༽ ལོར་སྐྱོར་མོ་ལུང་དུ་མཁན་པོ་དཀའ་བཞི་བ་བློ་གསལ་ལས་འདུལ་བ་མདོ་རྩ་འགྲེལ་བ་ཆ་ལག་དང་བཅས་པར་གསན། རྒྱ་ཆེར་འགྲེལ་ཡང་ཉིན་རེར་མདའ་ཚད་མ་བཅུ་བདུན་རེ་མ་ཆགས་པ་ཐུགས་ལ་བཟུང་། སྙུན་གཞི་དྲག་པོ་ཞིག་བྱུང་། གནས་རྙིང་དུ་མངོན་པ་ཀུན་བཏུས་གསུངས། འདི་སློབ་མ་མང་པོར་གཞུང་ཆེན་གསུངས་བའི་ཐོག་མར་ཡིན་པར་བཤད། སྐྱོར་མོ་ལུང་གི་བསམ་གཏན་གྱི་ཀ་བ་དེང་དུས་མཇལ་དུ་ཡོད་པ་དེ་དུས་བྱུང་བར་སྣང་།
༼དགུང་ལོ་༢༢ དང་། ཕྱི་ལོ་༡༣༧༨ དང་། ས་རྟ་༽ལོར་ས་སྐྱར་རེད་མདའ་བ་ལས་མངོན་པ་ཀུན་བཏུས་དང་ །རྣམ་འགྲེལ། འཇུག་པའི་བཤད་པ་དང་། འདུལ་བ་སོགས་བཀའ་བསྟན་གྱི་ལུང་མང་དུ་གསན། བླ་མ་རྡོ་རྗེ་རིན་ཆེན་པའི་དྲུང་ནས་བརྟག་གཉིས་གསན། ཀུན་གཞིའི་རྒྱ་ཆེར་འགྲེལ་འདིའི་སྐབས་སུ་བརྩམས་མིན་དཔྱད།
༼དགུང་ལོ ༢༣ དང་། ཕྱི་ལོ། ༡༣༧༩ ས་ལུག་༽ལོར་ངམ་རིང་དུ་རྗེ་རེད་མདའ་བས་ཀུན་བཏུས་ཀྱི་འགྲེལ་བ་རྩོམ་པ་མཛད་ཅིང་བརྩམས་ཚར་རིམ་བཞིན་རྗེས་ཐུགས་ལ་ཆུད་པར་མཛད། རྣམ་འགྲེལ་རང་འགྲེལ་གྱི་སྟེང་ནས་ཚར་གཅིག་གསན། ཕ་ཡུལ་ནས་བསྐུར་བའི་ཅ་དངོས་འགའ་ཞིག་བཞེས་པར་དབུས་སུ་ཕེབས། ཡུམ་སོགས་གཞན་གྱིས་བསྐུལ་བའི་རྐྱེན་གྱིས་ཕ་ཡུལ་དུ་ཕེབས་བཞེད་ནས་མལ་གྲོ་ལྷ་ལུང་དུ་ཕེབས་མཚམས་མདོ་སྨད་དུ་མི་བྱོན་པའི་ཐུགས་ཐག་བཅད། ཡུམ་ལ་དྲན་རྟེན་དུ་ཁོང་གི་འདྲ་ཐང་སྐུར། འདི་རྣམ་ཐར་འགར་དགུང་ལོ་༢༢ སྐབས་ཡིན་པར་གསུངས་ཀྱང་འདི་འཐད་སྙམ། དེ་ཡང་ཚེ་ཏན་ཞབས་དྲུང་གིས་དད་པའི་འཇུག་ངོགས་ལས་དེའི་སྟོན་ཞེས་པ་དགུང་ལོ་ཉེར་གཉིས་བཞེས་པ་ས་རྟ་ལོའི་སྟོན་དུ་གོ་དགོས་གསུངས་ཀྱང་དེ་ལྟ་ན་དད་པའི་འཇུག་ངོགས་ལས་ས་སྐྱར་ཟླ་བ་བཅུ་གཅིག་བཞུགས་གསུངས་བ་འགྲིགས་ཐབས་མེད་སྙམ། མ་ཡུམ་ལ་སྐུར་བའི་རྗེ་རང་གི་ཞལ་ཐང་བྱིན་ཅན་དེ་དེང་དུས་ཀྱང་མཇལ་དུ་ཡོད་པར་སྣང་། སྐུ་མཚམས་བཞུགས་ནས་རྣམ་འགྲེལ་ལ་གཟིགས་པས་ཆོས་ཀྱི་གྲགས་པའི་རིགས་ལམ་ལ་མནན་པས་མི་ནོན་པའི་དད་པ་ཤུགས་དྲག་འཁྲུངས། བློ་གསལ་བགྲོད་པའི་ཐེམ་སྐས་མཛད།
༼དགུང་ལོ༢༤ དང་། ཕྱི་ལོ་༡༦༨༠ དང་། ལྕགས་སྤྲེལ་༽ལོར་གྲྭ་སྐོར་མཛད་བཞེད་ནས་པོ་ཏི་འགའ་ཡར་གཟིགས་ནས་གཙང་ལ་བྱོན། སྣར་ཐང་དུ་བླ་མ་དོན་བཟང་བས་བརྩམས་པའི་ཚད་མའི་ཊཱི་ཀ་གསན། རྣམ་འགྲེལ་མངོན་པ་གོང་འོག་འདུལ་བ་རྣམས་ཀྱི་གྲྭ་སྐོར་སྣར་ཐང་དང་། ས་སྐྱ་གཉིས་ལ་མཛད། སྒྲ་བ་ནམ་བཟང་ལས་སྙན་ངག་མེ་ལོང་མ་གསན། རེད་མདའ་བ་ལས་དབུ་ཚད་ཕར་ཕྱིན་འདུལ་མངོན་སོགས་གསན། སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་དང་། བདེ་བ་ཅན་པའི་བླ་མ་འཇམ་རིན་པ་གཉིས་ལས་རིགས་ཚོགས་ཀྱི་ལུང་གསན།
༼ དགུང་ལོ་༢༥ དང་། ཕྱི་ལོ་༡༣༨༡ དང་། ལྕགས་བྱའི་༽ལོར་གསང་ཕུ་རྩེས་ཐང་གཉིས་ལ་གོང་དུ་སྨོས་པའི་དཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད། པཎ་ཆེན་ཤཱཀྱ་ཤྲིའི་མཁན་རྒྱུད་དཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན་གྱིས་མཁན་པོ་དང་། ཤེས་རབ་མགོན་པོས་ལས་སློབ། བསོད་ནམས་རྡོ་རྗེས་གསང་སྟོན་སློབ་དཔོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྤྱན་སྔ་གྲགས་པ་བྱང་ཆུབ་ལས་ལམ་འབྲས་ཡོངས་རྫོགས་དང་། ནཱ་རོ་ཆོས་དྲུག ཕག་མོ་གྲུ་བ་དང་། འཇིག་རྟེན་མགོན་པོའི་བཀའ་འབུམ་གྱི་ལུང་གསན།
༼དགུང་ལོ་༢༦ དང་། ཕྱི་ལོ་༡༣༨༢ དང་། ཆུ་ཁྱི་༽ ལོར་སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བརྩམས། འོན་གྱི་ལྷ་ཁང་ཀེ་རུར་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་སོགས་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས། དབྱངས་ཅན་མའི་ལྗགས་བསྙེན་བྱེ་བ་ལྔ་ཙམ་གྱི་མཚམས་སུ་ཞལ་གཟིགས་བྱུང་བ་ཡང་ལོ་འདི་དག་གི་ཡར་མར་ཞིག་ཏུ་སྣང་ངོ་། །
༼དགུང་ལོ་༢༧ དང་། ཕྱི་ལོ་༡༣༨༣དང་། ཆུ་ཕག་གི་༽ལོར་སྐྱིད་ཤོད་ཚལ་དུ་བཞུགས་ནས་བཀའ་བསྟན་འགྱུར་རོ་འཚལ་ལ་གཟིགས་རྟོག་མཛད། ལེགས་བཤད་གསེར་ཕྲེང་མཛད་པའི་དབུ་བརྩམས།
༼དགུང་ལོ་ ༢༨ དང་། ཕྱི་ལོ་༡༣༨༤ དང་། ཤིང་བྱི་༽ལོར་ཚལ་དུ་བཞུགས་ནས་བཀའ་བསྟན་མང་པོར་གཟིགས་རྟོག་མཛད་ཅིང་གསེར་ཕྲེང་རྩོམ་བཞིན་པ།
༼དགུང་ལོ་༢༩ དང་། ཕྱི་ལོ་༡༣༨༥ དང་། ཤིང་གླང་༽ལོར་ཚལ་དུ་བཞུགས་ནས་བཀའ་བསྟན་མང་པོར་གཟིགས་ནས་གསེར་ཕྲེང་རྩོམ་བཞིན་པ། སྐབས་ཤིག་ལ་ཚ་ཁོ་བ་དཔོན་པོ་ངག་དབང་གྲགས་པ་ཕྱག་ཕྱི་ཁྲིད་ནས་ཇོ་བོ་རང་བྱུང་ལྔ་ལྡན་གྱི་དྲུང་དུ་སྨྱུང་གནས་མང་དུ་མཛད་ནས་མནལ་བལྟས་རྟོག་པར་མཛད་པས་རྡོ་རྗེ་རྣལ་འབྱོར་མས་བསྟན་པ་དྲི་མེད་དར་ཆེད་དབུ་ཞྭ་གསེར་མདོག་ཏུ་བསྒྱུར་དགོས་པར་ལུང་བསྟན།
༼དགུང་ལོ་༣༠ དང་། ཕྱི་ལོ་༡༣༨༦ དང་། མེ་སྟག་༽ལོར་བྱ་ཡུལ་དུ་ཕར་ཚད། དབུ་མ། མངོན་པ་སོགས་གསུངས། སླར་ཡང་ཚལ་དུ་ཕེབས་ནས་གསེར་ཕྲེང་རྩོམ་པའི་འཕྲོ་སྐྱོང་། བླ་མ་རྟོགས་ལྡན་རྒྱལ་མཚན་པ་ལས་དུས་འཁོར་ཆ་ལག་དང་བཅས་པར་གསན།
༼དགུང་ལོ་༣༡ དང་། ཕྱི་ལོ་༡༣༨༧ དང་། རབ་བྱུང་བདུན་པའི་མེ་ཡོས་༽ལོར་བདེ་བ་ཅན་དུ་ཆོས་མང་དུ་གསུངས། གསེར་ཕྲེང་རྫོགས་པར་བརྩམས། སྟོད་ལུང་སོགས་སུ་དུས་འཁོར་ལ་ཐུགས་སྦྱོང་མཛད། ༼དགུང་ལོ་ ༣༢ དང་། ཕྱི་ལོ་ ༡༣༨༨ དང་། ས་འབྲུག་༽ལོར་རིགས་ལྔའི་ལྷ་ཁང་དུ་ཕར་ཚད། མངོན་པ་གོང་འོག འདུལ་བ་མདོ་རྩ། འཇུག་པ་སོགས་གསུངས། མོན་མཁར་བཀྲ་ཤིས་གདོང་དུ་གསུང་ཆོས་གནང་བའི་དོན་དུ་ཉིན་ ༢༠ ཙམ་ལ་སྐུ་མཚམས་བཞུགས་ནས་དཔེ་གཟིགས་རྒྱ་ཆེར་མཛད།
༼དགུང་ལོ་༣༣ དང་། ཕྱི་ལོ་༡༣༨༩དང་། ས་སྦྲུལ་༽ལོར་ཉིན་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་བཙུགས་ནས་ཟླ་བ་གསུམ་གྱི་རིང་ཉིན་རེར་ཐོ་རངས་ནས་སྲོད་ཀྱི་བར་དུ་ཆོས་ཐུན་བཅོ་ལྔ་རེ་མ་ཆགས་པར་གནང་། སྲོད་ཆོས་གྲོལ་རྗེས་སུ་ཡང་འཇིགས་བྱེད་ཀྱི་བདག་འཇུག་ལེན་པ་སོགས་རྒྱུན་གྱི་ཐུགས་དམ་རྣམས་མ་ཆགས་པར་མཛད། ཐུན་མོང་བའི་རྣམ་ཐར་གཅིག་ལ་འདི་ཁོ་ན་མཁས་པ་ཀུན་གྱིས་འགངས་ཆེ་བར་མཛད་པར་རྒྱུད་སྨད་ཆོས་འབྱུང་ལས་གསུང་། ཡར་ལུང་ཨོ་ཀར་བྲག་སྐུ་མཚམས་བཞུགས་ནས་བདེ་མཆོག་གི་སྒོམ་བཟླས་དང་བདག་འཇུག་མང་དུ་མཛད།
༼དགུང་ལོ་༣༤ དང་། ཕྱི་ལོ་༡༣༩༠ དང་། ལྕགས་རྟ་༽ལོར་བླ་མ་དབུ་མ་པ་ལ་དབྱངས་ཅན་མའི་རྗེས་གནང་བསྩལ། རྗེ་རེད་མདའ་པ་ལས་ཁོང་གི་མཛད་པའི་རྣམ་འགྲེལ་གྱི་འགྲེལ་བཤད་དང་། གསང་འདུས་རྩ་རྒྱུད་ཀྱི་བཤད་པ་གསན། དབུ་མ་བ་ལས་འཇམ་དབྱངས་ཀྱི་ཆོས་སྐོར་མང་དུ་གསན། སྒྲུབ་པ་ལ་བྱོན་རྒྱུའི་ཐུགས་ཐག་བཅད། གོང་གསུམ་སྡེ་ཆེན་པའི་བླ་མ་ཆོས་ཀྱི་དཔལ་བའི་དྲུང་ནས་དུས་འཁོར་གྱི་བཤད་པ་ཆ་ལག་དང་བཅས་རྫོགས་པར་གསན།
༼དགུང་ལོ་༣༥ དང་། ཕྱི་ལོ་ ༡༣༩༡ དང་། ལྕགས་ལུག་༽ལོར་ཡོ་ག་བ་མགོན་བཟང་ལས་རྡོར་དབྱིངས། དཔལ་མཆོག རྩེ་མོ་སོགས་རྣལ་འབྱོར་རྒྱུད་ཀྱི་བྲིས་ཐིག གར་དབྱངས། ཆོ་གའི་འདོན་ཆ། ཕྱག་རྒྱ་སོགས་ཀུན་ལ་སྦྱངས། སྡེ་གསུམ་གོང་ཆེན་པ་ཆོས་ཀྱི་དཔལ་བ་ལས་རྡོར་ཕྲེང་གི་དབང་ལུང་མཛུབ་ཁྲིད་བཤད་པ་གར་ཐིག་དབྱངས་གསུམ་སོགས་ཕྲེང་བ་སྐོར་གསུམ་ལ་མཁས་པར་སྦྱངས། ཕྱག་རྡོར་མཁན་ཆེན་གྱི་དབང་ལུང་མན་ངག་གསན། ཞ་ལུར་བུ་སྟོན་རིན་པོ་ཆེའི་སློབ་མ་ཁྱུང་བོ་ལྷས་པ་གཞོན་ནུ་བསོད་ནམས་ཀྱི་དྲུང་ནས་རྣལ་འབྱོར་རྒྱུད་ཀྱི་གཙོས་རྒྱུད་སྡེ་འོག་མ་བོད་ན་དབང་རྒྱུན་ཡོད་པ་ཕར་ཆེར་དང་། བདེ་མཆོག་ལཱུ་ནག་དྲིལ་གསུམ་དང་། གསང་འདུས་ལུགས་གཉིས་ཀྱི་གཙོས་བླ་མེད་ཀྱི་དབང་བཀའ་དཔག་མེད་ཅིག་གསན། དེའི་སྐབས་བླ་མས་དབང་རེ་རེ་གྲུབ་པ་ན། ཁོ་བོར་བླ་མ་འདི་ཞེས་བྱ་བས་དགྱེས་བཞིན་དུ་གནང་བ་ཡིན། ད་ཆོས་བདག་པོ་ལ་འཕྲོད་པས་འགྱོད་པ་མེད་ཞེས་ལན་རེ་ངེས་ཅན་དུ་གསུངས་ཤིང་། རྗེས་ཀྱང་དབང་ཁང་གསེར་ལྡེ་གུ་བྱུགས་པ་སོགས་ཞབས་ཏོག་དཔག་མེད་བསྒྲུབས་པར་མཛད་པར་རྒྱུད་སྨད་ཆོས་འབྱུང་ལས་གསུངས།
༼དགུང་ལོ་༣༦ དང་། ཕྱི་ལོ་༡༣༩༢ དང་། ཆུ་སྤྲེལ་༽ ལོར་ཁྱུང་བོ་ལྷས་པ་ལས་ཆོས་གསན་རྗེས་བླ་མ་སྡེ་ཆེན་པ་ལས་རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་སྟོད་འགྲེལ། ནཱ་རོ་འགྲེལ་ཆེན་སོགས་དུས་འཁོར་གྱི་ཆ་ལག་མང་པོ་དང་། བུ་སྟོན་གྱིས་མཛད་པའི་གསང་འདུས་སྐོར་གྱི་ཡིག་ཆ་ཀུན་གྱི་བཤད་ལུང་གསན། ཕག་རིར་ཞ་ལུ་བ་རྒྱལ་མཚན་གྲགས་པ་ལས་ཡོ་གའི་ཕྱག་ལེན་ལ་དག་ཐེར་མཛད་ཅིང་། བུ་སྟོན་གྱི་གསུང་རྡོར་འབྱུང་གི་རྣམ་བཤད་དང་། རྒྱུད་དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་སོགས་རྒྱུད་དང་རྒྱ་འགྲེལ་མང་པོའི་ལུང་གསན། དགའ་བ་གདོང་དུ་བླ་མ་དབུ་བ་པ་དང་ལྷན་དུ་སྐུ་མཚམས་བཅད་ནས་བླ་མ་དང་ཡི་དམ་དབྱེར་མེད་བྱས་ནས་གསོལ་བ་དྲག་ཏུ་བཏབ་ཅིང་ཡི་དམ་གྱི་བསྙེན་པ་མཛད། དེའི་རིང་བླ་མ་དབུ་མ་བ་ལོ་ཙཱ་བཅོལ་ནས་འཇམ་དབྱངས་ལ་དཀའ་གནད་རྣམས་ལ་དྲི་གཏུགས་ལེགས་པར་མཛད། ཡི་དམ་གྱི་བཀའ་ལྟར་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་བྱ་བྲལ་དུ་ཕེབས།
༼དགུང་ལོ་༣༧ དང་། ཕྱི་ལོ་ ༡༣༩༣ དང་། ཆུ་བྱ་༽ལོར་ལྟུང་བཤགས་དང་ཕྱག་སྦྲགས་ནས་གསགས་སྦྱོང་གི་གནད་ལ་འབད། བདེ་གཤེགས་སོ་ལྔ་དང་། བྱམས་མགོན།
སྨན་བླ་རྣམས་ཀྱིས་ཞལ་གཟིགས། མཎྜལ་མང་དུ་ཕུལ། བྱང་སེམས་ཀྱི་སྤྱོད་པ་སྟོན་པའི་མདོ་སྡེ་རྣམས་ཞིབ་གཟིགས་དང་འབྲེལ་དེའི་དམིགས་རྣམ་སྐྱོང་། རྫོང་ཕྱིའི་བྱམས་པ་མཇལ། རྒྱ་སོག་ཕུར་བྱོན་སྐབས་འཇམ་དབྱངས་ལ་པཎ་གྲུབ་དུ་མས་བསྐོར་བ་དང་། འཇིགས་བྱེད། འཇམ་དབྱངས་རྣམས་ཀྱི་ཞལ་གཟིགས། དེ་ནས་བཟུང་འཇིགས་བྱེད་བཅུ་གསུམ་མའི་བདག་འཇུག་ཆགས་མེད་མཛད།
༼དགུང་ལོ་ ༣༨ དང་། ཕྱི་ལོ་༡༣༩༤ དང་། ཤིང་ཁྱི་༽ལོར་མཛད་ཆེན་བཞིའི་དང་པོ་རྫོང་ཕྱིའི་བྱམས་པ་ཞིག་གསོ་མཛད། དེར་ལྷག་ལྷ་དུ་མའི་ཞལ་གཟིགས། བདེ་གཤེགས་སོ་ལྔའི་སྐུ་དོག་སོགས་ཀྱི་བཤད་པ། བྱམས་བསྟོད་ཡང་གསལ་སྒྲོན་མེ། བདེ་སྨོན་ཞིང་མཆོག་སྒོ་འབྱེད་སོགས་བརྩམས། ལྷོ་བྲག་དུ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་( ༡༣༢༦ — ༡༤༠༡ ) དང་མཇལ་ནས་བསླབ་བཏུས་དང་གྲྭ་ལྔའི་དབང་སོགས་གནང་། ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལས་ལམ་རིམ་གསན། འདིའི་སྐོར་གྱི་རྣམ་ཐར་རྒྱས་པ་རྗེའི་གསུང་འབུམ་པོད་དང་པོར་བཞུགས། ཆོས་གོས་གསུམ་སོགས་དང་། བྱམས་བསྟོད་ཚངས་པའི་ཅོད་པཎ་བརྩམས་ནས་རྫོང་ཕྱིའི་བྱམས་པར་འབུལ་བར་བསྐུར།
༼དགུང་ལོ་༣༩ དང་། ཕྱི་ལོ་༡༣༩༥ དང་། ཤིང་ཕག་༽ལོར་ཙ་རིར་ཕེབས་ནས་བདེ་མཆོག་བདག་འཇུག་མང་དུ་མཛད། བྱམས་མགོན་གྱིས་ཞལ་གཟིགས་ལུང་བསྟན་གནང་། གཉལ་ནས་གསེར་ཕྱེ་འབུམ་པ་མཆོད་པ་ཕུལ་ནས་འདུལ་བསྟན་རྨང་ནས་གསོས། དུས་འཁོར་གྱི་ཞལ་གཟིགས་ནས་ཟླ་བ་བཟང་པོ་དང་འདྲ་བར་ལུང་བསྟན།
༼དགུང་ལོ་ ༤༠ དང་། ཕྱི་ལོ་ ༡༣༩༦ དང་། མེ་བྱི་༽ལོར་གྲོང་བའི་སྐྱེ་བོ་ཚོགས་དཔག་ཏུ་མེད་པ་བསྙེན་གནས་དང་སྐྱབས་འགྲོ་ལ་བཀོད། ས་ཚ་འབུམ་ཕྲག་མང་པོ་བཏབ། རྒྱལ་ཚབ་རྗེ་རྗེ་རིན་པོ་ཞབས་ལ་གཏུགས། རྗེ་རིན་པོ་ཆེས་མཛད་ཆེན་གཉིས་པ་གཉལ་གྱི་ལུང་རྭ་ཆེན་མོ་བཙུགས།
༼ དགུང་ལོ་༤༡ དང་། ཕྱི་ལོ་༡༣༩༧ དང་། མེ་གླང་༽ལོར་ལྷ་ལྡིང་རི་ཁྲོད་ནས་བླ་མ་དང་ཡི་དམ་དབྱེར་མེད་བྱས་ནས་གསོལ་བ་ཡང་ཡང་བཏབ་པས་མནལ་ལམ་དུ་ཀླུ་སྒྲུབ་ཡབ་སྲས་ལྔའི་ཞལ་གཟིགས། བུདྷ་པ་ལི་ཏར གཟིགས་པའི་རྐྱེན་གྱིས་དབུ་མའི་ལྟ་བ་མཐར་ཐུག་པ་ཐུགས་ལ་འཁྲུངས། རྟོགས་འབུལ་དུ་རྟེན་འབྲེལ་བསྟོད་པ་བརྩམས།
༼དགུང་ལོ་༤༢ དང་། ཕྱི་ལོ ༡༤༩༨ དང་། ས་སྟག་༽ ལོར་འོལ་ཁའི་འགར་ཕུག་ཏུ་བཞུགས་ནས་ཆོས་མང་དུ་གསུངས། དབྱེའི་སྟེའུ་རར་བྱོན། དབྱར་བཞུགས་མཛད། ཆོས་གསུངས་ཤིང་སྐྱེ་བོ་དུ་མ་དགེ་བ་ལ་བཀོད། ལམ་གཙོ་བརྩམས་ནས་ཚ་ཁོ་པ་ལ་སྐུར། རྫོང་ཕྱིའི་ཇོ་བོར་ཆོ་འཕྲུལ་མཆོད་པར་དགོངས་ནས་ཉིན་བཅོ་ལྔར་མཆོད་འབུལ་སྨོན་ལམ་མཛད།
༼ དགུང་ལོ་ ༤༣ དང་། ཕྱི་ལོ་༡༣༩༩ དང་། ས་ཡོས་༽ རྒྱལ་ཚབ་རྗེ་སོགས་སྡེ་སྣོད་འཛིན་པ་ཉིས་བརྒྱ་ལྷག་ཙམ་ལ་ཆོས་མང་དུ་གསུངས། ཉང་པོར་དབྱར་བཞུགས་མཛད་ནས་ཆོས་མང་དུ་གསུངས། པོ་ཏ་ལར་སློབ་མ་བརྒྱ་ཕྲག་དུ་མར་དབུ་མ་སྣང་བ། འདུལ་བ། ལམ་རིམ་སོགས་ཆོས་མང་དུ་གསུངས།
༼ དགུང་ལོ་༤༤ དང་། ཕྱི་ལོ་༡༤༠༠ དང་། ལྕགས་འབྲུག་༽ ལོར་དགའ་བ་གདོང་དུ་བྱང་སའི་ཚུལ་ཁྲིམས་ལེའུ། བླ་མ་ལྔ་བཅུ་བ། རྩ་ལྟུང་བཅུ་བཞི་བ་རྣམས་ཀྱི་བཤད་པ་ཞིབ་པར་མཛད། རྗེ་རེད་མདའ་བ་ཕེབས་པ་ན་བསུ་བ་དང་། བསྙེན་བཀུར་ཞབས་ཏོག་རྨད་དུ་བྱུང་བར་མཛད། དཔོན་སློབ་གཉིས་ཀས་ཆོས་མང་དུ་གསུངས། རྭ་སྒྲེང་དུ་ཞི་གནས་ཀྱི་བཤད་པ་གསུངས་ཤིང་སྒོམ་དུ་བཅུག་པས་ཚད་ལྡན་གྱི་ཞི་གནས་སྐྱེས་པ་འགའ་ཞིག་བྱུང་།
༼དགུང་ལོ་ ༤༥ དང་། ཕྱི་ལོ་༡༤༠༡ དང་། ལྕགས་སྦྲུལ་༽ ལོར་འབྲུ་ཁུང་དུ་ཕེབས། སྤྱན་སྔ་རིན་པོ་ཆེ་ལས་ནཱ་རོ་ཆོས་དྲུག་སོགས་གསན། རྗེ་རིན་པོ་ཆེ་དང་། རྗེ་རེད་མདའ་བ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་གསུམ་གནམ་རྩེ་ལྡིང་དུ་འཛོམས་ནས་འདུལ་བ་མདོ་རྩ་བའི་བཤད་པ་རྒྱས་པ་རེ་གསུངས་ཤིང་འདུལ་བའི་བསྟན་ལ་དག་ཐེར་ལེགས་པར་མཛད། གཞན་ཡང་དབུ་ཚད་སོགས་ཆོས་མང་དུ་གསུངས། དམིགས་བརྩེ་མ་འདི་དུས་བྱུང་།
༼ དགུང་ལོ་༤༦ དང་། ཕྱི་ལོ་༡༤༠༢ དང་། ཆུ་རྟ་༽ ལོར་རྭ་སྒྲེང་དུ་ཇོ་བོའི་སྐུ་འདྲ་དབུ་ཡོན་མའི་དྲུང་དུ་ཞག་མང་པོར་གསོབ་བཏབ་པས་ཐུབ་དབང་ནས་ལྷོ་བྲག་པའི་བར་གྱི་བླ་མ་རྣམས་ཀྱི་ཞལ་གཟིགས། ལམ་རིམ་ཆེན་མོ་བརྩམས།
༼དགུང་ལོ་༤༧ དང་། ཕྱི་ལོ་༡༤༠༣དང་། ཆུ་ལུག་༽ལོར་བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་དང་། བླ་མ་ལྔ་བཅུ་བའི་རྣམ་བཤད། རྩ་ལྟུང་རྣམ་བཤད་རྣམས་བརྩམས། རྒྱལ་ཚབ་རྗེ་ལ་ཕར་ཕྱིན་རྣམ་བཤད་རྩོམ་པར་སྐུལ།
༼དགུང་ལོ་༤༨ དང་། ཕྱི་ལོ་༡༤༠༤ དང་། ཤིང་སྤྲེལ་༽ལོར་རྭ་སྒྲེང་དུ་ཆོ་འཕྲུལ་མཆོད་པ་དང་སྨོན་ལམ་སོགས་མཛད། ལྷས་ཕུ་དགོན་གསར་དུ་རྣམ་འགྲེལ་གསུངས། རྒྱལ་ཚབ་ཀྱིས་ཟིན་བྲིས་བཏབ་པའི་ཚད་མའི་བརྗེད་བྱང་འདི་དུས་མཛད། འོན་བདེ་ཆེན་སྟེང་དུ་དབྱར་གནས་མཛད་ནས་ལམ་རིམ་དབུ་ཚད་ཀྱི་ཆོས་མང་དུ་གསུངས། འོལ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་ཕེབས་ནས་ཆོས་མང་དུ་གསུངས། རྣམ་གཞག་རིམ་པའི་རྣམ་བཤད་རྩོམ་པ་མཛད་དེ་གསུངས།
༼ དགུང་ལོ་༤༩ དང་། ཕྱི་ལོ་༡༤༠༥ དང་། ཤིང་བྱ་༽ལོར་སྔགས་རིམ་ཆེན་མོ་བརྩམ་པར་མཛད། དོན་གཉེར་ཅན་དུ་མ་ལ་སྔགས་རིམ་ཆེན་མོ་གསུངས། བར་ཆད་ཀྱི་ལྟས་ཟློག་པའི་དོན་དུ་སྐུ་མཚམས་བཞུགས། སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་དང་སྦྱིན་སྲེག་དངོས་རྒྱ་མཚོ་བརྩམས།
༼དགུང་ལོ་༥༠ དང་། ཕྱི་ལོ་༡༤༠༦ དང་། མེ་ཁྱི་༽ལོར་བྱམས་པ་གླིང་དུ་བཞུགས། ཐུགས་དམ་ཤིན་ཏུ་འཕེལ། བྱང་ཆུབ་གླིང་དུ་སྔགས་རིམ་གསུངས།
༼དགུང་ལོ་༥༡ དང་༥༢ གཉིས། ཕྱི་ལོ་༡༤༠༧ དང་༡༤༠༨ གཉིས། མེ་ཕག་དང་ས་བྱི་༽ལོར་སེ་ར་ཆོས་སྡིངས་སུ་མཚམས་བཅད་ནས་བཞུགས། གསང་འདུས་རིམ་ལྔ་དང་། མ་རྒྱུད་ཀྱི་རྫོགས་རིམ་འགའ་ཞིག་གསུངས། མཁས་གྲུབ་རིན་པོ་ཆེ་རྗེའི་ཞབས་ལ་གཏུགས། རྩ་ཤེའི་རྣམ་བཤད་རྩོམ་པར་བཞེད་ནས་རིགས་པ་འགའ་ཞིག་ལ་དོགས་པ་བཅད་དཀའ་བ་བྱུང་ཚེ་འཇམ་དབྱངས་ལ་གསོལ་བ་བཏབ་པས་སྟོང་ཉིད་ཉི་ཤུའི་འགྲེས་རྐང་རྣམས་གསེར་བཙོ་མའི་རྣམ་པའི་བར་སྣང་གང་བར་གཟིགས་པས་དོགས་པ་ལྷག་མེད་དུ་ཆོད། དྲང་ངེས་རྣམ་འབྱེད་དང་རྩ་ཤེའི་ཊཱིཀ་ཆེན་བརྩམས། དུང་དཀར་ཚིག་མཛོད་དང་ཚེ་བརྟན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་གཉིས་སུ་དྲང་ངེས་ལེགས་སྙིང་། རྩ་ཤེའི་ཊཱིཀ་ཆེན་གྱི་རྗེས་སུ་བརྩམས་པ་གསུངས་ཀྱང་དེ་མི་འཐད་ཚུལ་ལྟ་བའི་ལེགས་བཤད་ལྔའི་ངོ་སྤྲོད་དུ་བཤད་ཟིན། གོང་མའི་གསེར་ཡིག་པ་མཇལ་འཕྲད་མཛད། རྩ་ཤེར། དྲང་ངེས། བཞི་བརྒྱ་བ། སྔགས་རིམ། རྩ་ལྟུང་དང་བླ་མ་ལྔ་བཅུ་བ་། ལམ་རིམ་རྣམས་གསུངས། གྲུམ་བུ་ལུང་དུ་ལམ་རིམ་དང་། བདེ་མཆོག་ལཱུ་བུ་བའི་སྒྲུབ་ཐབས། མ་རྒྱུད་ཀྱི་རྫོགས་རིམ་སོགས་གསུངས། ཆོ་འཕྲུལ་སྨོན་ལམ་གྱི་སྟ་གོན་ལེགས་པར་མཛད།
༼དགུང་ལོ་ ༥༣ དང་། ཕྱི་ལོ་ ༡༤༠༩ དང་། ས་གླང་༽ ལོར་མཛད་ཆེན་གསུམ་པ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་། འབྲོག་རི་བོ་ཆེར་ས་གཞིར་བྱིན་བརླབ་སོགས་མཛད། འགོག་པ་རི་ནས་ཆོས་དུང་དང་ཆོས་རྒྱལ་ཞལ་འབག་གཏེར་ནས་བཞེས། སེ་རྭ་ཆོས་སྡིངས་སུ་རྩ་ཤེ་དང་། ཚུལ་ཁྲིམས་ལེའུ། སྒྲུབ་ཐབས་ཀུན་བཟང་། ལམ་རིམ་སོགས་གསུངས། ཟངས་རིའི་ཕུ་མཆིན་དུ་ལམ་རིམ་སོགས་གསུངས། འོལ་ཁ་ཕེབས་ནས་ཆོས་མང་དུ་གསུངས། རྗེས་ཞལ་བཀོད་ལྟར་རྒྱལ་ཚབ་རྗེ་དང་འདུལ་འཛིན་པ་གཉིས་ཀྱི་གཙོས་སློབ་མ་རྣམས་ཀྱིས་འབྲོག་རི་བོ་ཆེར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ། མཁས་གྲུབ་རྗེ་ལ་ཚེམས་གནང་། འདིའི་སྐོར་གྱི་རྣམ་ཐར་རྒྱས་པ་རྗེ་གསུང་འབུམ་པོད་དང་པོར་བཞུགས།
༼དགུང་ལོ་༥༤ དང་། ཕྱི་ལོ་ ༡༤༡༠ དང་། ལྕགས་སྟག་༽ལོར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལམ་རིམ། གསང་འདུས། སྒྲོན་གསལ། རིམ་ལྔ། མངོན་པ་ཀུན་བཏུས། ས་སྡེ། ཚད་མའི་དཀའ་གནད་སོགས་གསུངས། ལྷ་མོ་བཞི་ཞུས་དང་། ཡེ་ཤེས་རྡོ་རྗེ་ཀུན་བཏུས་གཉིས་ཀྱི་རྣམ་བཤད་རྩོམ།
༼དགུང་ལོ་ ༥༥ དང་། ཕྱི་ལོ་ ༡༤༡༡ དང་། ལྕགས་ཡོས་༽ལོར་རིམ་ལྔ་གསལ་སྒྲོན་དང་། རིམ་ལྔ་གདན་རྫོགས་མཛད། རྗེ་རང་ཉིད་གཙོ་མཛད་དཔོན་སློབ་སུམ་ཅུ་རྩ་བགྲངས་ཀྱིས་སྐུ་ཚེའི་བར་ཆད་བཟློག་པའི་ཆེད་དུ་འཇིགས་བྱེད་ཀྱི་རྒྱས་པའི་འཁྲུལ་འཁོར་མང་དུ་མཛད།
༼དགུང་ལོ་༥༦ དང་། ཕྱི་ལོ་ ༡༤༡༢ དང་། ཆུ་འབྲུག་༽ ལོར་དཔོན་སློབ་བཞི་བཅུ་རྩ་བགྲངས་ཀྱིས་སྔར་བཞིན་བརྩོན་ཀྱང་སྐུ་ཚེའི་བར་ཆད་བཟློག་པའི་མཚན་མ་གསལ་བར་མ་བྱུང་། རྗེ་ཉིད་གཙོས་དཔོན་སློབ་སུམ་ཅུ་རྩ་བགྲངས་སྐུ་མཚམས་བཅད། གཞན་སློབ་མ་དྲག་ཤོས་རྣམས་ཀྱང་མཚམས་བཅད་ནས་སྐུའི་རིམ་གྲོར་བརྩོན་ཀྱང་སྐུ་ཁམས་མི་བདེ་བ་བྱུང་།
༼ དགུང་ལོ་ ༥༧ དང་། ཕྱི་ལོ་ ༡༤༡༣ དང་། ཆུ་སྦྲུལ་༽ལོར་རྒྱལ་ཚབ་རྗེ་གཙོས་དགེ་འདུན་ཡོངས་ཀྱིས་ལོ་སྦྲེལ་གྱིས་སྔོན་བྱུང་མ་མྱོང་བའི་བླ་མའི་སྐུའི་རིམ་གྲོར་བརྩོན་པས་བར་ཆད་ཀྱི་མཚན་མ་ངན་པ་ལས་གྲོལ།
༼དགུང་ལོ་༥༨ དང་། ཕྱི་ལོ་༡༤༡༤ དང་། ཤིང་རྟ་༽ ལོར་འོན་གྱི་བཀྲ་ཤིས་དོ་ཁར་དབུ་ཚད་དང་ལམ་རིམ་སོགས་ཀྱི་ཆོས་མང་དུ་གསུངས།རྗེ་དགེ་འདུན་གྲུབ་ཀྱིས་རྗེའི་ཞབས་པད་བསྟེན། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བདེ་མཆོག་ལཱུ་ཨི་བའི་ཊཱིཀ་ཆེན་དང་། རྫོགས་རིམ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་ཡིག སྒྲུབ་ཐབས། འགྲེལ་བ་བཞི་སྦྲགས་བརྩམས་ནས་འཆད་པར་མཛད།
༼དགུང་ལོ་༥༩ དང་། ཕྱི་ལོ་༡༤༡༥ དང་། ཤིང་ལུག་༽ལོར་ཡངས་པ་ཅན་གྱི་རྨང་བཏིངས།
༼དགུང་ལོ་ ༦༠ དང་ཕྱི་ལོ་ ༡༤༡༦ དང་། མེ་སྤྲེལ་༽ལོར་ཡངས་པ་ཅན་གྱི་གཙུག་ལག་ཁང་གྲུབ། འཇམ་དབྱངས་ཆོས་རྗེ་ལ་གཏེར་ནས་བཞེས་པའི་ཆོས་དུང་གནང་ནས་འབྲས་སྤུངས་དགོན་པ་འདེབས་པའི་ཞལ་ཏ་བསྩལ།
༼དགུང་ལོ་ ༦༡ དང་། ཕྱི་ལོ་ ༡༤༡༧ དང་། མེ་བྱ་༽ལོར་ཡངས་པ་ཅན་དུ་རྟེན་གསུམ་བཞེངས་གྲུབ། རབ་གནས་རྒྱས་པར་མཛད། བདེ་མཆོག་གི་དཀྱིལ་འཁོར་སྒྲུབ་མཆོད་མཛད། མཁའ་འགྲོ་མའི་མཆོད་བསྟོད་ཀྱི་དབྱངས་མཛད་པ་གསན་ནས་མཆོད་ཕྲེང་ཏིང་འཛིན་མ་དང་། དཔྱིད་ཀྱི་རྒྱལ་མོའི་གླུ་སོགས་ཀྱི་དབྱངས་མཛད། ཡངས་པ་ཅན་གྱི་རྟེན་དང་བརྟེན་པ་བཞེངས་ནས་རབ་གནས་དང་དཀྱིལ་འཁོར་སྒྲུབ་མཆོད་དང་བཅས་པ་མཛད་པ་འདིར་དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཞེས་གྲགས་པ་རྗེ་རིན་པོ་ཆེའི་མཛད་ཆེན་བཞི་བ་ཡིན་ནོ། །
༼དགུང་ལོ་༦༢ དང་། ཕྱི་ལོ་ ༡༤༡༨ དང་། ས་ཁྱི་༽ལོར་དགའ་ལྡན་དུ་སྒྲོན་གསལ་མཆན་དང་བཅས་པ་དང་། རིམ་ལྔའི་ཁྲིད་རྒྱས་པ་དང་། སྦྱོར་དྲུག་གི་ཁྲིད་རྒྱས་པ་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་སོགས་ཆེས་ཞིབ་བཤད་དང་། གཞན་དབུ་ཚད། ལམ་རིམ། བདེ་མཆོག་སོགས་གསུངས། དགོངས་པ་རབ་གསལ་བརྩམས། གསང་འདུས་རྩ་རྒྱུད་དང་། འགྲེལ་བ་སྒྲོན་གསལ་པར་བརྐོ་བའི་སྟ་གོན་མཛད།
༼དགུང་ལོ་ ༦༣ དང་། ཕྱི་ལོ་༡༤༡༩ དང་། ས་ཕག་༽ལོར་རྩ་རྒྱུད་དང་སྒྲོན་གསལ་པར་བརྐོ་གྲུབ། བདེ་མཆོག་རྩ་རྒྱུད་གསུངས། སྦས་དོན་ཀུན་གསལ་བརྩམས། སྟོན་ལྷ་སར་མཆོད་པ་དང་སྨོན་ལམ་རྒྱ་ཆེར་མཛད། སྟོད་ལུང་དུ་སྐྱེ་བོའི་ཚོགས་ལ་ཆོས་དང་བྱིན་བརླབ་ཀྱི་སྐྱེས་གནང་། འབྲས་སྤུངས་སུ་ལམ་རིམ། ནཱ་རོ་ཆོས་དྲུག འཇུག་པ། གསང་འདུས་སོགས་གསུངས། གསང་འདུས་ལེའུ་དགུ་བ་ཆོས་མཚམས་མཛད་ནས་ལྷ་སར་ཕྱག་མཆོད་སྨོན་ལམ་རྒྱ་ཆེར་གནང་། རྗེ་ཤེས་རབ་སེང་གེར་ནང་མཆོད། གསང་བ་འདུས་པའི་སྐུ། ཆོས་རྒྱལ་གྱི་ཞལ་འབག་སོགས་གནང་། སེ་ར་ཆོས་སྡིངས་སུ་གྲྭ་ས་འཛུག་པའི་ཞལ་བཀོད་དང་། གསང་བདེ་གཉིས་ཀྱི་རྒྱུད་ཀྱི་དབུ་ཆོས་ཐུན་རེ་གསུངས། བདེ་ཆེན་རྩེར་གསང་སྔགས་འཁར་གྱི་དགོན་པ་གཏབ་ནས་རབ་གནས་མཛད། དགའ་ལྡན་དུ་ཕེབས་སྟེ་ཡངས་པ་ཅན་དུ་ད་འདིར་ཡང་ཡང་མི་འོངས་པས་མཆོད་གཏོར་རྒྱ་ཆེར་གཤོམ་གསུངས་ནས་ཡི་དམ་གྱི་དྲུང་དུ་མཆོད་འབུལ་སྨོན་ལམ་མང་དུ་མཛད། ཚོགས་དབུས་སུ་ཕེབས་ནས་སྨོན་ལམ་ཤིས་བརྗོད་དང་བཅས་པར་མཛད། རྒྱལ་ཚབ་རྗེ་ལ་དབུ་ཞྭ་སོགས་གནང་ནས་གདན་ས་མཛད་པའི་རྟེན་འབྲེལ་བསྒྲིགས། ཉེར་བཞིའི་དགོང་མོར་བདེ་མཆོག་གི་མཆོད་པ་རྒྱས་པར་ཕུལ། མཚན་མོར་འཆི་བ་འོད་གསལ་ཆོས་སྐུ་དང་བསྲེ་བའི་མན་ངག་ཉམས་ལེན་མཛད། ཉེ་ལྔའི་སྔ་དྲོར་གཟིམ་ཆུང་འོད་གསལ་སྦུག་ཏུ་ཞབས་གཉིས་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་བཞག་དང་བཅས་ཉི་མ་ཤར་རྗེས་ཙམ་ལ་ཐམས་ཅད་སྟོང་བ་འོད་གསལ་མངོན་དུ་མཛད་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་སོ། །དེའི་ཚེ་ངོ་མཚར་བའི་ལྟས་བཟང་དུ་མ་བྱུང་། དེ་ལྟ་ན་ད་ལོ་སྟེ་ཕྱི་ལོ་༢༠༡༧ འདིའི་ཡན་ལ་རྗེ་རིན་པོ་ཆེ་གཤེགས་ནས་ལོ་གྲངས་ ༥༩༨ འདས། རྒྱལ་ཚབ་རྗེ་དགའ་ལྡན་གྱི་ཁྲི་ཕེབས།
དེའི་ཡན་ཆད་དུ་རྗེའི་བླ་མའི་རྣམ་ཐར་གྱི་ལོ་ཚིགས་རྣམས་བཀོད་ནས་འདིར་ཞར་བྱུང་འགའ་ཞིག་བྲིས་ན། རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་བཏུས་ལས། རྗེ་རིན་པོ་ཆེ་འདིའི་ཐུགས་དམ་གྱི་རིམ་པ་ནི། ནམ་ཕྱེད་ཡོལ་ཙམ་ནས་གསང་འདུས་མི་བསྐྱོད་རྡོ་རྗེའི་བདག་འཇུག་རྒྱས་པར་མཛད་ནས་རིམ་ལྔ་ཡུན་རིང་དུ་བསྒོམ་པར་མཛད། ནམ་ལངས་ནས་ཉི་མ་མ་ཤར་བར་ལ། འཇིགས་བྱེད་ཀྱི་རིམ་གཉིས་རྒྱས་པར་བསྒོམ། ཉི་མ་ཤར་བ་ནས་ཆ་བཞེས་ལ་ཐུག་གི་བར་ལ་མདོ་རྒྱུད་གང་རུང་གི་ཤོག་ལྡེབས་སུམ་ཅུ་ཙམ་གསུང་བ་དང་། གྲྭ་ལྔས་ཐོག་དྲངས་པའི་བྱ་སྤྱོད་ཀྱི་གཏོར་མ་དུ་མའི་མཇུག་ཏུ་ཟས་ཀྱི་རྣལ་འབྱོར་དང་ལྡན་པའི་གསོལ་བ་མཛད་རིན་དགེ་བཤེས་རྣམས་ལ་རྩོམ་གྱི་འཕྲོ་དང་། དོན་གཉེར་བ་རྣམས་ཀྱི་ཐེ་ཚོམ་གཅོད། དེ་ནས་ཟབ་མདོ་གསུམ་ཐུགས་ཐོག་ནས་སྡུད་པ་གང་ཐོན་བསྔོ་བ་དང་བཅས་པ་མཛད་ནས། སཱཙྪ་བཅུ་རེ། ཚེ་དཔག་མེད། སྨན་བླ། འཇམ་དབྱངས། སྒྲོལ་མ་རྣམས་ཀྱི་སྐུ་པར་བདུན་བདུན། ཉིན་གུང་ལ་བཀའ་འགྱུར་དང་། བསྟན་འགྱུར་གང་རུང་གི་གསུང་སྒྲོག་རེ་དང་། རྩོམ་གྱི་འཕྲོ། ཕྱེད་ཡོལ་ནས་སྲོད་ཀྱི་བར་ལ་དམར་ནག་འཇིགས་གསུམ། གདོང་དྲུག་རྣམས་ཀྱི་སྦྱིན་སྲེག འཁོར་ཆེན། ཕྱག་བཞི་པ་དང་། ཕྱག་དྲུག་པའི་མངོན་རྟོགས། གཏོར་བསྔོས། གུར་མགོན་དང་སེང་གདོང་། གྲུ་གུག་དང་དུད་སོལ་མ་ལ་སོགས་པའི་གཏོར་བསྔོས་རྒྱས་པ། བདེ་མཆོག་ལཱུ་ཨི་པའི་བདག་འཇུག་བདེ་མཆོག་རིམ་ལྔ་བསྒོམ་པ་རྣམས་གོ་རིམས་ངེས་པ་ཡིན། གཞན་ཡང་ཞག་གཅིག་ལ་ཧྲཱི༔ ཥྚཱི༔ ཁྲི་ཚོ། བདེ་མཆོག་ཡི་གེ་བདུན་པ་སུམ་སྟོང་། ཨ་ར་པ་ཙ་ན་བདུན་སྟོང་། སྐུ་མཚམས་གྱི་ཁོག་ནས། མདོ་སྔགས་ཀྱི་ཆོས་ཐུན་གཉིས་གསུམ་རེ་གསུང་བ་རྣམས་མཐུན་སྣང་བ་ཡིན། ཞེས་པ་འདི་རྗེ་བླ་མའི་ཉིན་ཞག་རེའི་ཐུགས་དམ་གྱི་རིམ་པ་རྣམས་ཚིག་ཉུང་གནད་བསྡུས་ཀྱིས་སྟོན་པའི་ལེགས་བཤད་ཅིག་ཏུ་སྣང་བས་འདིར་བཀོད་པ་ཡིན། རྗེའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ནི། ༡༽སྔ་རབས་ལྟ་བའི་འཁྲུལ་སེལ་ཏུ་གྲགས་པའི་ལམ་རིམ་ལྷག་མཐོང་ཆེན་མོ། ༢༽རང་ལུགས་ཀྱི་ལྟ་བའི་སྙིང་པོ་མ་ནོར་བར་སྐྱོང་བྱེད་ལམ་རིམ་ལྷག་མཐོང་ཆུང་ངུ། འཕགས་པ་ཡབ་སྲས་ཀྱི་གཞུང་གི་སྒེར་འགྲེལ་༣༽རྩ་ཤེའི་ཊཱིཀ་ཆེན་དང་། ༤༽འཇུག་པའི་ཊཱིཀ་ཆེན། ༥༽དབུ་སེམས་ཀྱི་ལྟ་བའི་ཕྲ་རགས་སྟོན་བྱེད་དྲང་ངེས་ལེགས་བཤད་སྙིང་པོ་དང་ལྔ་འོ། །ཁ་ཅིག་དེའི་སྟེང་དུ་རྟེན་འབྲེལ་བསྟོད་པ་བསྣན་ནས་ལྟ་བའི་ལེགས་བཤད་དྲུག་བརྩི་སྲོལ་ཡང་འདུག རྗེ་རིན་པོ་ཆེའི་མཛད་ཆེན་བཞི་ནི། ༡༽རྫིང་ཕྱིའི་བྱམས་པ་ཞིག་གསོས་མཛད་པ། ༢༽གཉལ་གྱི་ལུང་རྭ་ཆེན་མོ་བཙུགས་པ། ༣༽ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ། ༤༽དགའ་ལྡན་སྒྲུབ་མཆོད་ཆེན་མོ་མཛད་པ་དང་བཞིའོ། །ཞེས་རྗེ་བླ་མའི་རྣམ་ཐར་ཆེ་ལོང་རྣམས་ཀྱི་ལོ་ཚིགས་བཀོད་པ་དད་པའི་འཇུག་ངོགས་ཀྱི་ཟུར་རྒྱན་དངུལ་དཀར་ཞུན་མའི་རང་མདངས་ཞེས་པ་འདི་ནི་རབ་རྒྱན་མེ་སྤྲེལ་ལོའི་དགུན་དུས་སུ་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་དཔེ་ཁྲིད་བྱས་པའི་སྐབས་སུ་ཟིན་ཐོར་བྲིས་པ་དེ་ཉིད་ལ་ཕྱིས་མེ་བྱ་ལོའི་གནམ་ལོ་གསར་བཞེད་ཀྱི་ཚེས་གཅིག་ཉིན་ཕྲི་སྣོན་ཅུང་ཟད་བྱས་ཤིང་། ཡང་ཕྱིས་སུ་མདོ་སྨད་ཁྲི་ཀའི་ཡུལ་དུ་གཞིས་ཆགས་པའི་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞུས་དག་དང་བཅས་ཤུལ་མ་དགོན་གྱི་མཁན་མིང་པ་ངག་དབང་ཤཱཀྱས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ༢༣ ཉིན་རྫོགས་པར་སྦྱར་བས་ཚེ་རབས་ཀུན་ཏུ་འཇམ་མགོན་རྒྱལ་བས་མཉེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག །
网友评论