美文网首页
ང་ཚོས་ངེས་པར་སློབ་གྲྭ་འགྲིམ་མི་ད

ང་ཚོས་ངེས་པར་སློབ་གྲྭ་འགྲིམ་མི་ད

作者: SONAM0 | 来源:发表于2020-11-12 19:17 被阅读0次

    དབྱིག་ཡིག་གི་ལས་བྱ་འབྲི་དགོས་པས་དུས་ལྟར་དགེ་རྒན་ལགས་ལ་དབྱིག་ཡིག་གི་རྩོམ་ཐུང་ཞིག་འབྲི་ཁུལ་བྱས་ཏེ་སྤྲད། ཚིག་ཉུང་ཙམ་རེ་བསྒྲིག་པར་དེ་ཙམ་དཀའ་ལས་མེད་ནའང་། རྩོམ་ཐུང་འབྲི་རྒྱུ་དེ་དབྱིག་ཡིག་གི་ཆུ་ཚད་ཤིན་ཏུ་ཞན་པའི་ཁོ་བོའི་ངོས་ནས་བཤད་ན་ཧ་ལས་པའི་ལས་བྱ་ལྗིད་དྲགས་པ་ཞིག་གོ། འོན་ཀྱང་སློབ་གྲོགས་ཚོ་དང་མཉམ་དུ་རང་ལ་སྦྱོང་བརྡར་སྤྲོད་པའི་གོ་སྐབས་བཟང་བོ་འདི་གཏན་ནས་འཕྲོ་བརླགས་སུ་འགྲོ་མི་རུང་བས་དུས་ཚོད་དམ་འཛིན་གྱིས་རང་ནུས་ཅི་ཡོད་འདོན་གྱིན་ཡོད། ཡང་སྟབས་བདེ་བ་ཞིག་ལ་དེང་སྐབས་དབྱིན་ཡིག་སྦྱང་བྱེད་ཀྱི་མཉེས་ཆས་ཁྱད་མཚར་བ་མང་བོ་འདུག་པས། མིང་ཚིག་གང་ཞིག་འཚོལ་དགོས་པ་དང་བསྒྱུར་དགོས་པ་བྱུང་ན་དེ་ནི་ལས་སླ་བོ་རང་རེད། དེ་ལས་ཀྱང་མཉེས་ཆས་ཁོ་ནར་ཁེན་ཏེ་ལས་བྱ་འབྲི་དགོས་པའི་དབང་དུ་བཏང་རུང་གང་འདོད་ཀྱིས་བྲིས་ཆོག་པའི་ཚད་ལ་སླེབས་ཡོད་པ་དེ་རེད། དེང་སྐབས་སུ་སྐད་རིགས་དང་གང་ཞིག་་དང་ཤེས་བྱ་ཅི་ཞིག་སྦྱང་བསམ་རུང་སློབ་གཉེར་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡིན་མ་ཟད་མང་དྲགས་པའི་ཚོད་ན་ཡོད་པ་འདིའི་ཆ་ནས་བསམ་ན། ང་ཚོ་སློབ་གཉེར་བ་ཚོ་ཇི་འདྲའི་སྐལ་བ་ལྡན་པ་ལ་སྙམ་པའི་ཚོར་བ་ཞིག་ནམ་ཞར་སྐྱེས་ཡོང་། དངོས་གནས་དེང་སྐབས་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་གང་ཞིག་སྦྱང་འདོད་པ་དང་དགེ་རྒན་རྩེ་གྲ་སུ་ཞིག་སློབ་ཁྲིད་ལ་ཉན་བསམ་ཡང་ཐམས་ཅད་དྲ་སྟེང་ན་ཡོད་པས་གཞུངབཙུགས་སློབ་གྲྭ་ཆལ་ཆོལ་དག་འགྲིམ་པ་ལས་ཀྱང་དྲ་སྟེང་གི་སློབ་གཉེར་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་འདི་དག་ལོངས་སུ་སྤྱད་དེ་རང་སྟོབས་རང་སྤེལ་གྱི་ལམ་ལ་ཞུགས་རྒྱུ་དེ་ནི་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་གདམ་གསེས་གལ་ཆེན་ཞིག་ཏུ་མཐོང་སོང་།། སྔོན་མ་སློབ་གྲྭར་མ་སོང་ཚེ་ཤེས་བྱ་སློབ་གཉེར་གྱི་གོ་སྐབས་མེད་ལ། དེང་སྐབས་སློབ་གྲྭ་ཆེ་ཁག་དག་ལས་ཀྱང་སློབ་གཉེར་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ནི་དྲ་སྟེང་ན་ཡོད་པས་ད་ནས་བཟུང་སློབ་མ་ཚོས་ཀྱང་དཀའ་སྡུག་ཁྱད་གསོད་ཀྱིས་ལས་ཚེགས་དང་རྒྱུ་ཚེགས་མང་བོ་བཏང་སྟེ། དེ་འདྲའི་སློབ་གྲྭ་མང་བོ་ཞིག་ལ་འགྲིམ་དགོས་དོན་ཡང་མེད་པ་འདྲའོ།། སློབ་གྲྭར་འགྲིམ་པའི་དགོས་དོན་དེ་དེང་སྐབས་ཏག་ཏག་རང་ཁྱིམ་གཅིག་པོ་ནས་ཁ་པར་ཟད་པོ་གཅིག་ལ་བསྟེན་ནས་ཀྱང་བསྒྲུབས་པ་ཐུབ་པ་ཡིན་ན་ད་ནས་བཟུང་སློབ་གྲྭར་འགྲོ་མཁན་ཇེ་ཉུང་དུ་མ་སོང་རང་སོང་ཡིན་ནོ།། ད་ནི་ཡོད་ཚོད་ཀྱིས་རང་ཁྱིམ་གཅིག་པོ་ནས་འཛམ་གླིང་ཤར་ནུབ་ཀྱི་ཤེས་བྱ་སྣ་ཚོགས་ཀྱི་རོ་བཅུད་ཅི་འདོད་དུ་མྱང་ཐུབ་པའི་དུས་རབས་དེ་ཚེས་པ་ཡིན་པས། རང་རང་སོ་སོའི་ངོས་ནས་སྔར་ལོ་རྒྱུས་ལ་བྱུང་མྱོང་མེད་པའི་གོ་སྐབས་བླ་ན་མེད་པ་འདིའི་གལ་ཆེན་རང་བཞིན་ངོས་ཟིན་རྒྱུ་ནི་ཤིན་ཏུ་གནད་ཆེའོ།། དེ་དག་ནི་ཞོར་འཕྲོས་ཙམ་ཡིན་ཞིང་རང་ལ་མཚོན་ན་དུས་རབས་ཀྱིས་གནང་བའི་དྲ་ཐོག་སློབ་གཉེར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་འདི་ཅི་ནུས་ཀྱིས་དམ་འཛིན་བྱེད་པར་འབད་ངེས་སོ།།

    相关文章

      网友评论

          本文标题:ང་ཚོས་ངེས་པར་སློབ་གྲྭ་འགྲིམ་མི་ད

          本文链接:https://www.haomeiwen.com/subject/yunpbktx.html