ད་ནངས་ནང་མི་ཚོའི་སྐད་ཚོམས་“གཡང་ཁྱིམ་”ཞེས་པའི་ནང་དུ་སྐད་ཆ་འགའ་རེའི་གླེང་བསླངས་བ་ཡིན། སྤྱིར་རང་ཉིད་གྲྭ་བཙུན་ཞིག་པའི་ངོས་ཐད་ནས་ནང་བསྟན་དང་ཆོས་ཕྱོགས་ནས་སྐད་ཆ་རེ་བཤད་པའི་འོས་བབས་ཡོད་མོད། ངས་ནི་གནས་སྐབས་ཆོས་ཕྱོགས་གཙོ་བོ་མ་བྱས་པར་ཁྱིམ་མི་ཚོར་ཁ་ཚ་དགོས་གཏུགས་ཀྱིས་མཁོ་གལ་ཤིན་ཏུ་ཆེ་བའི་བྱིས་པའི་སློབ་གསོའི་སྐོར་ནས་གླེང་སློང་བྱ་རྒྱུ་དེ་གལ་ཆེན་དོན་ཆེན་དུ་བཟུང་བ་ཡིན། ངས་བསམ་པར་ཡུལ་མི་ཚོར་བྱིས་པར་ཆུང་དུས་ནས་སློབ་གསོ་གནང་སྟངས་ཀྱི་ཐད་ལ་གོ་རྟོགས་ཅུང་ཙམ་རྒྱས་སུ་འཇུག་ཐུབ་པ་ཡིན་ན། དེས་ནི་བྱིས་པ་ཚོའི་མདུན་ལམ་དང་གཤིས་ཀ འཇོན་ནུས། བསམ་སྤྱོད་སོགས་ཕྱོགས་གང་ཐད་ལ་ཤུགས་རྐྱེན་བླ་མེད་བཟོ་ངེས་ཤིང་། བྱིས་པ་ཚོའི་མ་འོངས་པའི་མི་ཚེར་་འགྱུར་ལྡོག་ཆེན་པོར་གཏོང་ངེས་པས་ན། དེ་ཉིད་གནད་ཀྱི་དོམ་པོར་མཐོང་། མ་ཟད་ཕ་མ་ཚོའི་རེ་བ་དང་ཁྱིམ་ཚང་གི་མ་འོངས་པའི་དོམ་ཆེན་དེ་གང་དེ་འགྲུབ་མིན་ཡང་རྩ་བ་བྱིས་པ་ཚོར་སློབ་གསོ་བཟང་བོ་ཞིག་སྤྲོད་ཐུབ་མིན་གྱི་གནད་དོན་རང་ལ་ཐུག་འདུག་པས་དེ་ལས་གལ་འགངས་ཆེ་བ་ཞིག་ཀྱང་གང་ན་ཡོད། དེ་བས་ད་བར་དུ་རང་ཉིད་ཀྱིས་བཀླགས་མྱོང་བའི་བྱིས་པའི་སློབ་གསོའི་སྐོར་གྱི་དཔེ་དེབ་གྲགས་ཅན་དག་གི་བརྗོད་བྱ་རྩ་ཆེ་ཞིང་གོ་སླ་བ། ལག་ལེན་དུ་འཁྱེར་བདེ་བ་རྣམས་ཕྱོགས་ཅིག་ཏུ་བསྡུས་ཏེ། རེ་རེ་བཞིན་འཆད་རྩིས་ཡིན། བཤད་སྟངས་དང་ནང་དོན་གང་གི་ཆ་ནས་ཀྱང་ཅི་ཐུབ་ཀྱིས་ཡུལ་མི་ཚོའི་ཤེས་ཚད་ལ་དཔགས་ཏེ། ཁ་གསལ་ཞིང་གོ་བདེ་བ་ཞིག་བཤད་པར་འབད་ཀྱིན་ཡོད་ལ། ལྷག་པར་ཕ་ཡུལ་གྱི་ཁ་སྐད་རྐྱང་བའི་ལམ་ནས་ངོ་སྤྲོད་བྱེད་པར་ཧུན་བརྩོན་བྱ་ངེས་ཡིན། ཡང་རང་ལ་བྱིས་པ་གཉོར་སྐྱོང་བྱས་པའི་ཉམས་མྱོང་གང་མེད་ནའང་། བྱིས་པ་གསོ་སྦྱོང་བྱེད་ཐབས་ཀྱི་ཕྱི་ནང་གི་དེབ་མང་བོ་བཀླགས་མྱོང་བས་ཡུལ་མི་ཚོར་ཞབས་འདེགས་ཏོག་ཙམ་ཞུ་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཀྱང་གང་འཚམ་ཞིག་ཡོད་པའི་ཁུལ་ལོ།།
网友评论