མི་རྣམས་ནི་སྲོག་ཆགས་གཞན་ཟོག་དང་ཁྱི། དེ་བཞིན་དུ་སྤྲེའུ་ལ་སོགས་དང་མི་འདྲ་བར་ཅུང་ཙམ་ཚེ་རིང་གི་ཡོད། མི་རྣམས་ཀྱི་མི་ཚེ་ནི་རོལ་རྩེད་ཅིག་གི་གོ་རིམ་དང་མཐུན་པར། ཐོག་མར་ལོ་ཉི་ཤུའི་བར་དུ་ཟ་ཉལ་གྱིས་འཚོ་བ་རོལ། དེ་ནས་ལོ་སུམ་ཅུ་ཙམ་ལ་ཞིང་རྨོ་འབྲོག་ལས་ལྟ་བུ། ཨར་ལས་གཞུང་ལས་སོགས་གཡོག་ཏུ་བཀོལ་རྒྱུའི་ཕྱུག་ཟོག་ལྟ་བུ་ཉིན་འབྲེལ་མཚན་འཁྱམས་ཀྱི་འཚོ་བ་རོལ་དགོས་ཀྱི་ཡོད། དེ་ནས་ལོ་བཅུ་ཙམ་ལས་ངལ་གསོས་ནས་ཚ་བོ་དང་ཚོ་མོ་མཉམ་དུ་རྩེ་མོ་ལ་གཡེང་སྟེ་དཔེར་ན་སྤྲེའུ་ཡིས་མི་རྣམས་ལ་རྩེད་རིགས་ཀྱི་སྒྱུ་རྩལ་སྣ་ཚོགས་སྟོན་པར་ལྟར། བྱིས་པ་ཐམས་ཅད་ལ་རྩེད་རིགས་ཀྱི་སྒྱུ་རྩལ་སྟོན་ནས་འཚོ་བ་རོལ་དགོས་ཀྱི་ཡོད། དེ་ནས་ལོ་བཅུ་ཙམ་ལ་ཁྱིམ་ཚང་གི་སྒོ་ཁ་བསྲུངས་ནས་ཁྱི་ཞིག་གི་གོ་སྤྱོད་དགོས་ཀྱི་ཡོད། འདི་ལྟ་བུའི་མི་ཚེ་ནི་བྱེད་པོ་ལྷ་ཞིག་གིས་བཀོད་སྒྲིག་བྱས་པ་ལྟ་བུ་རེད་ལ། སུས་ཀྱང་བཟློག་ཐབས་མེད་པའི་ལས་དབང་ཞེས་པ་ཞིག་གིས་བཀོད་སྒྲིག་བྱས་པ་ཡང་རེད། དེས་ན་ད་ལྟ་མི་ཚེ་ཁ་དཀར་ངོ་དཀར་གྱི་སྐབས་སུ་གཅེས་འཛིན་ལེགས་པར་བྱས་ནས། འཚོ་བ་ལ་རིན་ཐང་ཡོད་པ་གཅིག་དང་། ཤི་རྒས་ལ་ཐུག་དུས་བློ་འགྱོད་མེད་པ་གཅིག་ཡོང་དགོས་པ་རེད།
网友评论