འབྲོག་གླུ་སྙན་མོ། གངས་ལྷ་སྐྱིད།
ཁམས་སྡེ་དགེ་དཔལ་སྤུངས་བ།
སློབ་རའི་སྐྱེད་ཚལ་ཁྲོད་དུ།
སྙན་འཇེབས་ཀྱི་འབྲོག་གླུ་སྙན་མོ་རེ་རྣ་ལམ་དུ་ཐོས་ཐེངས་རེ།
རྟ་ནོར་ལུག་གསུམ་གྱིས་རི་ལུང་ལ་ཁ་དོག་སྤྲས་པའི་ཕ་ས་སྨུག་པོ་དང་།
སྦྲ་ནག་གི་ལྷས་རའི་འདབས་སུ་གཡང་དཀར་ལུག་གི་འབའ་སྒྲ་དང།
ཅང་ཤེས་རྟ་ཕོའི་འཚེར་སྒྲ། ཐུལ་དཀར་འབྲི་མོའི་ངུར་སྒྲ་དག་སེམས་ལ་ཉི་མ་བཞིན་ཤར་ལ་ཟླ་བ་ལྟར་འཚེར།
ད་དུང་ཆེས་ཡིད་དུ་འོང་བའི་དྭངས་གཙང་གི་ཆུ་བོ་དང་ཆུ་མིག
མཚོ་དང་མཚེའུ། གཞན་མཐོ་ཞིང་བརྗིད་པའི་རྫ་རི་་་་་་གངས་་་་རི་་་་་སྤངས་་་་་་རི་སོགས་དང་།སྐྱེ་དངོས་ཚར་དུ་དངར་བའི་རྩི་ཤིང་དང་ནགས་ཚལ་གཞན་ཡང་ཕྲ་ཚོམ་མེ་ཏོག་གིས་ས་གཞིར་མཛེས་པ་སྤྲས་ཤིང་།
སྐབས་རེ་ཁུ་བྱུག་གི་གསུང་སྙན་ལྷང་ལྷང་དུ་གྲགས་ཐེངས་རེའི་མཉམ་དུ་ཆར་ཆུ་ཟིམ་ཟིམ་གྱིས་ཡིད་ཀྱི་ཚ་གདུང་དག་ལ་གྱེས་ཕྱག་མང་དུ་ཕུལ་མྱོང་ལ། ལན་རེར་དྲོད་འཇམ་ཉི་འོད་དང་ལྷན་དུ་བསིལ་རླུང་དལ་མོ་རེ་གཡུག་ནས།
སེམས་ཀྱི་ངལ་བ་དག་ཡོངས་སུ་མེད་པར་བྱས།
འབྲོག་གླུའི་གདངས་དབྱངས་སྙན་མོའི་ངག་རྟའི་ཁྲོད་དུ་་་་་
གནའ་བོའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་དག་སེམས་ལས་བྲིས།
ཁྱད་པར་དུ་མ་ཎིའི་མགུར་དབྱངས་་་་་དང་་་་་་་་མི་ལའི་མགུར་དབྱངས་དག་ཡིད་ལ་བཞེངས་ཡོད།
འབྲོག་གཞས་སྙན་ཚིག་གི་མེ་ཏོག་ཁྲོད་དུ།
ན་གཞོན་ཕོ་མོའི་བརྩེ་དུང་གི་ཟེའུ་འབྲུ་ལ་དྲི་བསུང་ལྡང་བའང་ཤིན་ཏུ་དྲན།
ལྷག་ཏུ་ཆུང་འདྲིས་བྱམས་པས་དགོད་འཛུམ་གྱིས་སྤྲས་པའི་བཞིན་རས་དང་ཟླ་འོད་འོག་ཏུ་སྙིང་གཏམ་གྱེར་བའི་འཁོར་བའི་སྒྲ་དབྱངས། འགྱུར་མེད་ཀྱི་རི་མོ་རྡོ་ལ་བྲིས་པའི་དམ་བཅའ་དག་སེམས་ལ་ཝ་ལེ་ཝ་ལེར། དེ་ལྟར་སྒྲ་དབྱངས་ཤིག་གིས་ང་རང་བར་སྣང་ལ་བཀྱགས་ནས་ཕ་ཡུལ་གྱི་རི་ཆུ་ཐང་གསུམ་ལ་ཕྱི་མིག་བལྟ་རུ་བཅུག་པ་ནི་དངོས་གནས་མཚར་དགོས་པ་ཞིག་རེད། ངའི་དེ་ལྟར་དུས་ཚོད་མང་པོ་འཆར་ཡན་བཏང་ཞིང་ཕ་ཡུལ་གྱི་ཕྱི་ནང་བར་གསུམ་ལ་བསྐོར་བ་བྱས། འབྲོག་གླུ་ནི་སྐད་ཅིག་མའི་རྗེས་སུ་གོ་མེད་ཚོར་མེད་དུ་གྱུར་སོང་། བར་གསེང་ཞིག་ནས་ཅོང་སྒྲ་གྲགས་ཐལ། ཏག་ཏག་རེད་སློབ་ཁྲིད་ཚོགས་རན་པའི་དུས་བརྡ་སྟེ་དྲིལ་བརྡ་རེད། ཁོ་མོ་ཚུབ་ཆ་དང་བཅས་སེམས་པ་ནང་དུ་བཀུག་དུས། རི་ཆུ་འབུམ་གྱིས་ཆོད་པའི་གནམ་སའི་མཐའ་ཟུར་ཞིག་ནས་འབྲོག་གླུ་སྙན་མོའི་དབྱངས་རྟ་དེས་ང་ལ་བསླུ་བྲིད་བཟོས་པ་ད་གཟོད་རྟོགས་བྱུང་།
༢༠༡༧; ༡༠ ; ༩ ཉིན
网友评论