ཚན་པ། བརྒྱད་པ།
འོ་ན་འདྲ་མཉམ་བསམ་བློས་དྲངས་པའི་སྤྱི་ཚོགས་འབྲེལ་འདྲེས་ཞེས་པའི་དོན་གང་ཞིག་ཡིན་ནམ་ཞེ་ན། མི་ཁ་ཤས་ལ་རིག་པ་རྒོད་ཅིང་། བརྩོན་འགྲུས་ཆེ་བ། ཁ་ཤས་ལ་དབང་བོ་རྟུལ་ཞིང་སྙིང་རུས་ཞན་པ། ཁ་ཤས་ལ་སྐྱེ་གཟུགས་མཛེས་ཤིང་འཇོན་ནུས་ཆེ་བ། ཁ་ཤས་ལ་གཟུགས་བྱད་མི་ལེགས་ཤིང་ནུས་སྟོབས་ཆུང་བ་སོགས་མི་དང་མིའི་བར་ལ་སྐྱོན་ཡོན་གྱི་ཁྱད་པར་སྣ་ཚོགས་ཤིག་གིས་བཀང་ཡོད། མི་དང་མིའི་དབར་ལ་དེ་འདྲའི་དོ་མཉམ་མིན་པའི་ཁྱད་པར་སྣ་ཚོགས་ཤིག་འདུག་ནའང་། རང་བྱུང་ཁམས་ཆེན་པོའི་བརྩེ་བའི་མཐུ་འོག་ནས་ཡོད་ཚད་འདྲ་མཉམ་ཡིན་ནོ་སྙམ་པ་ཞིག་གིས་ཀུན་ནས་བསླངས་ཏེ། ཕན་ཚུན་ལ་འབྲེལ་འདྲིས་བྱེད་སྟངས་དེ་ནི། འདྲ་མཉམ་བསམ་བློས་དྲངས་པའི་འབྲེལ་འདྲིས་ཞེས་པ་དེའོ།། དེ་འདྲའི་བསམ་བློ་བདོག་ན་ད་གཟོད་གཞན་གྱི་ལེགས་ཆར་དེ་འདྲའི་ཧམ་འདོད་མི་བྱེད་ཀྱང་རང་ཉིད་ཀྱི་སྐྱོན་ཆ་ཡང་གཞན་དང་འདྲ་བར་ཡོ་བསྲང་བྱས་ཆོག་ཆོག་གོ་སྙམ་པ་ཞིག་ཡོང་ཐུབ་པས། དེ་ནས་བཟུང་འགྲན་སེམས་ཆུང་དུ་སོང་སྟེ། སྐྱོན་ཡོན་ལེགས་ཉེས་ཐམས་ཅད་ལ་འདྲ་མཉམ་དུ་ལྟ་བ་དེ་འབྱུང་བར་བཤད། དཔེར་ན། འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ན་འཚོ་ཞིང་གནས་པའི་བྱ་བྱེའུ་འབའ་འབུ་ཐམས་ཅད་ལ་ལུས་སྟོབས་ཆུང་ཡང་རང་དབང་གིས་འཕུར་བསྐྱོད་ནུས་པ། གཅན་གཟན་རི་དྭགས་ཕལ་ཆེ་བར་ལུས་བོངས་ཆེ་ཡང་འཕུར་བསྐྱོད་མི་ནུས་པ་སོགས་སྲོག་ཆགས་འདྲ་མིན་སྣ་ཚོགས་ཀྱི་བར་ལ་གནམ་ས་ལྟ་བུའི་ཧེ་བག་ཆེན་པོ་ཞིག་ཤོར་ཡོད་ཀྱང་ཐམས་ཅད་འདྲ་མཉམ་ཡིན་པ་དང་། སོ་སོ་རང་རང་གི་ཁྱད་ཆོས་འཛོམས་པས། གཅིག་གིས་གཅིག་ལ་འགྲན་སེམས་བཅངས་པའི་དགོས་པ་མེད་པ་བཞིན་དུ་མི་དང་མིའི་བར་ལ་ཡང་དེ་འདྲའི་སྐྱོན་ཡོན་གྱི་ཁྱད་པར་སྣ་ཚོགས་ཤིག་མཆིས་ཀྱང་ཐམས་ཅད་འདྲ་མཉམ་ཡིན་པའི་གནས་ལུགས་དེ་ཉམས་སུ་བཞེས་ཐུབ་པ་ན། དེ་ནས་བཟུང་འགྲན་སེམས་ཀྱི་འཆིང་རྒྱ་ལས་ཐར་ཏེ། ཆེས་བདེ་ཞིང་སྐྱིད་པའི་མི་ཚེའི་རིན་ཐང་གཞན་ཞིག་ཅི་དགར་ལོངས་སུ་སྤྱད་ཆོག་པས། དེ་ལས་གལ་འགངས་ཆེ་བ་གཞན་ཞིག་གང་དུ་འདུག དེ་བས་ང་ཚོ་མཉམ་དུ་འགྲན་སེམས་ཀྱི་ཉེས་དམིགས་ངོས་ཟིན་པའི་ཐོག་ནས་འདྲ་མཉམ་བསམ་བློས་གཞི་རྩ་བྱས་པའི་སྤྱི་ཚོགས་འབྲེལ་འདྲིས་ལ་ཅི་ནུས་ཀྱིས་གོམས་པར་བྱའོ།།
网友评论