རིག་གནས་ལ་ཡིད་ཆེས་ཤོར་བའི་རླུང་ཁའི་མར་མེ།
སྡུག་དེ་ཁོག་ཏུ་ཉར་ན་ནད་ཟེར་བས། དེ་ཡང་རང་གིས་བཤད་བསམ་པ་ཞིག་ལ། དེ་རིང་རང་གིས་ཁུང་ཙིའི་བསྟན་བཅོས་དང་།ཕྱི་གླིང་བའི་སློབ་གསོ་བ་གྲགས་ཅན་འགའ་ཡི་སློབ་གསོ་སྐོར་གྱི་ལེགས་ཁ་ཤས་སྒྱུར་ཁུལ་བྱེད་པ་ཡིན། འོན་ཀྱང་། དེའི་སྐབས་ཀྱི་ཚོར་བ་ནི་ཡིད་ཆད་དང་འཁང་ར་ཡིས་ཁེངས་སོང་། ཅིས་ཕྱིར་ཞེས་ན། དེ་ནི་སྒྱུར་མི་ཤེས་ནས་སྨག་ནག་ནུབ་མོར་འཕྲེང་རིང་ལུས་པ་ལྟ་བུ་མ་ཡིན་པར། དེ་ནི་མི་རིགས་ཞིག་གི་ཁྲག་དང་རུས་ཟུང་ལས་གྲུབ་པའི་མི་རྒྱུད་རྣལ་མ་ཞིག་གིས་རང་རིགས་ལ་དགའ་བས་མྱོས་པའི་སྨྲེང་བ་ཞིག མི་རིགས་ཞིག་གི་རིག་གནས་ཕུན་སུམ་ཚོགས་པ་རེད་ཟེར་ནས་སྟོང་གསུམ་ཁམས་སུ་བསྒྲོགས་ནའང་། དེ་ལ་ཡིད་ཆེས་ཀྱི་ལྕགས་ཀྱུ་དང་དང་དོད་ཀྱི་ཨ་ལོང་གཉིས་ཆ་མ་འགྲིག་ན་ནི་རྣམ་ཤེས་དང་ཕུང་པོ་གཉིས་ཉིན་སྲིབ་ལྟ་བུརའགྱུར་ལ། བླ་མ་ཕ་རོལ་དང་མཆོད་པ་ཚུར་རོལ་ཀྱི་དཔེར་འགྲོ་བ་གདོན་མི་ཟའོ།། ངེད་རང་ཉིད་ཡོན་ཏན་པའི་བྲལ་ལའང་ཚུད་མི་ཐུབ་པ་ཞིག་གིས་ཁ་ནས་འདི་ལྟ་བའི་ལབ་གཅིག་གྱིས་ན། མི་རངས་དང་མཐོང་མི་འདོད་མཁན་མཐའ་དག་ལ་དགོངས་དག་ཞུ།
ང་ཚོའི་བོད་ལ་བསྟན་བཅོས་དང་རིག་གཞུང་གིས་ཕོང་པ་ག་ལ་ཡིན་ད་མིན་མོ། འོན་ཀྱང་དེང་དུས་ཀྱི་སློབ་གྲྭར་བོད་ཡིག་ལ་དགོན་པའི་ནང་གི་དགེ་བཤེས་ལྟར་མཁས་པ་ཧ་ཅང་ཉུང་བ་ཉིན་མོའི་སྐར་མ་ཙམ་རེད། དེ་ནི་རང་ཉིད་ཀྱིས་སྔུན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་དྲིན་ལོག་དང་དད་ལོག འཁང་ར་དེ་འདྲ་རྩ་བ་ནས་མིན། དེ་ནི་རང་ཉིད་ཀྱི་ལས་བསོད་ལ་ཐུག་པ་ལས་དགེ་རྒན་རྟོག་ག་ལ་རུང་། སྔོན་གྱི་མེས་པོ་རྣམ་གྱི་ཤེས་བྱའི་མཁའ་ལམ་རྒྱུ་བའི་སྲོག་ལྟ་བུ་བརྩི་བ་ནི་བཤེས་གཉེན་ལ་གུས་པའི་ཚུལ་གྱིས་ཡིན་པ་ལས་དེ་ལ་དད་ལོག་སྐྱེས་ག་ལ་ཡིན། ཡིན་མི་སྲིད། དཔེར་ན་སྔོན་ཇོ་བོ་རྗེ་སྐབས་ཀྱི་ཇོ་བོའི་སློབ་མ་ཨ་མིད་ལྟ་བུ། དེ་ནས་དགེ་བཤེས་བྱ་ཡུལ་བས་ཁོང་གི་དགེ་རྒན་སྤྱན་སྔ་བ་ཚུལ་གྱིས་བསྟེན་པ་དང་། དེའི་རྗེས་ཀྱི་འཇམ་མགོམ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཁུ་བོ་གྲགས་པ་རྒྱལ་མཚན་བསྟེན་པའི་ཚུལ་སོགས་མཐའ་ཡས་པ་ལ་བསམས་ན་ངས་དགེ་རྒན་ཚོར་བཀའ་དྲིན་སྙིང་ནས་ཞུ་འདོད་ཀྱང་ཞུ་གྱིན་ཡོད། འདི་ནི་རང་ཉིད་ཀྱི་གནད་བབས་ཙམ་ལ་བརྗོད་ནས་རྟོགས་སད་ཞིག་ཡིན་པ་ལས་གཞན་ནི་མེད། དེའི་ཕྱིར་སློབ་མས་ཇི་ལྟར་སྦྱོང་བརྩོན་བྱས་རུང་དགེ་རྒན་གྱི་ཡོན་ཚད་ལས་བརྒལ་ན་ཨང་དང་པོའི་སློབ་བུ་ཡིན་ད་མིན། སློབ་མ་ལོ་དྲུག་སློབ་ཆུང་དང་འཕྲོར་ལོ་གསུམ་དམའ་འབྲིང་དེའི་ཐོག་ཁ་སྣོན་གྱི་ཚུལ་དུ་མཐོ་འབྲིང་། དེ་ནས་བཅིངས་གྲོལ་གྱི་ཚུལ་མཛད་པའི་སློབ་གྲྭ་ཆེན་མོ་སོགས་བརྩི་མི་ཐུབ་པའི་ཚད་ཀྱི་ཡོན་ཚད་དང་སྙེག་ན་ནི་མཁའ་ཡི་རྨི་ཐག་ལྟར་རིང་བས་མཐའ་མི་སྙེད། བདག་ནི་དེ་ཚོ་ལ་ཕྲག་དོག་གི་མིག་མདའ་འཕེན་པ་མིན་ལ་དེ་ལྟར་ཡིན་མིན་ནི་རང་བློ་ལ་རང་ལ་ལྐོག་ཏུ་མ་གྱུར་བས་རང་གིས་ཤེས། འོན་ཀྱང་། ང་ཚོས་རང་ངོས་ཀྱི་བོད་ཡིག་གི་ཆུ་ཚད་དང་འཁྲིད་བྱའི་སློབ་བུ་རྣམས་ཀྱི་ཡོན་ཚད་ལྟོས་དང་། དེ་ནི་ཕུང་རུལ་གྱི་ནང་ཁྲོལ་ལྟར་ལྟ་བ་ཙམ་གྱིས་སྐྱུག་མེར་ཡོང་ངེས་ལ་ཞེད་སྣང་ཡང་སྐྱེས་ངེས།
ད་ནི་དཔེ་ཀློག་གཙོ །ཅི་ནས་ཀྱང་དཔེ་ཀློག་ལ་རེམ་པོ་བྱ་དགོས་པ་ནི་དམ་བཅའོ། དཔེ་ཀློག་མེད་ན་ནི་བོད་ཡིག་གི་ཆུ་ཚད་དེ་ནམ་ཡང་གོམ་པ་རང་སར་སྤོ་ནས་འགྲོ་བའི་ཀུན་སློང་མི་བརྩམ་པ་ལྟ་བུར་འགྱུར་ངེས་ལ་གྱུར་འགྲོ་དགོས་པ་ནི་རྟེན་འབྲེལ་གྱི་ལུགས་དང་རྒྱུ་འབྲས་ཀྱི་ཚུལ་དུ་གྲུབ་ཡོད། དེའི་ཕྱིར་རང་ཉིད་ཀྱི་ཆེད་དུ་དཔེ་ཀློག་ལ་རེམ་དགོས་ལ་སློབ་མའི་ཆེད་ཡང་དཔེ་ཀློག་ལ་འབད་དགོས། དེ་མི་བྱེད་ན་དགེ་རྒན་གྱི་གྲལ་མཐའ་ན་བུད་ན་དགའ་རེད་མ་གཏོགས། འཇིག་རྟེན་འདིར་ཆེས་གཟི་བརྗིད་ལྡན་པའི་མིང་དགེ་རྒན་ཞེས་བྱ་བ་དེ་ཁུར་ནས་སྙན་གྲགས་སྐམ་པོ་ཁོ་ནས་དམའ་དམན་དམྱལ་བར་བརྫངས་བའི་ལས་ངན་བསགས་ན། རང་སྡུག་རང་གིས་ཉོས་བ་ལས་གཞན་ཅི། དེ་ན་དགེ་རྒན་ཞེས་པའི་འབྱོན་ནུས་ནི་རལ་གྲིར་དཔེ་བཀོད་ན་ནི་འཚམ་ལ་མི་འཚམ་པའི་རི་བོང་རྭ་ལྟ་བུར་མི་སྲིད་པས་དེ་ལྟར་དུ་འགོད། རལ་གྲི་ཟེར་བ་ནི་སྤྱིར་སྔ་དུས་ནས་མཚོན་ཆ་ཞིག་ཡིན་པ་རྒས་པོ་སྐྲ་དཀར་ནས་བྱིས་པ་ཚེམས་ཕྲེང་སྲད་བུ་རྒྱུས་ལྟར་ཚང་མས་གོ དེ་ནི་སྔོན་ཆད་རང་ལ་གནོད་བྱེད་མཁན་གྱི་དགྲ་ཟླ་དེ་བཏུལ་བྱེད་ཡིན་པས་དགྲ་ཟླ་ནི་རང་ལ་གནོད་བྱེད་པའི་ཆ་ཡོངས་རྫོགས་ཚང་བས་རལ་གྲི་བཀོད་ནས་ཚར་བཅད་པ་ཡིན། དུས་ཕྱིས་ཤེས་ཡོན་གྱི་ཁྱུ་མཆོག་ཚོས་དེ་ནི་མཁས་མཚོན་དུ་བཀོལ་ནས་མ་རིག་པའི་མུན་པ་འཇོམས་བྱེད་དུ་བཀོད། དེ་ནི་སོ་གཉིས་ཡོད་ཆོག་ལ་ངེད་ནི་སོ་གཉིས་ཡོད་པར་དཔེར་བླངས་བ་ཡིན། དེ་ནི་སྔར་བཤད་པ་ལྟར་དགེ་རྒན་ནི་རལ་གྲི་སོ་གཉིས་མ་དང་འདྲ་བས་དེའི་སོ་གཅིག་གིས་ཕ་རོལ་དགྲ་བོ་བཅོམ་ནས་རང་ཉིད་བདེ་ལ་བཀོད་ཐུབ་ནའང་། དེས་སོ་ཡ་ཡིས་རང་ཉིད་གཏད་ནས་རང་སྐེད་གཅོད་ཀྱི་རྒྱ་སྟར་འགྱུར་སྲིད། དེ་ཡིན་པས། ང་ཚོས་བསམ་བློ་བཞི་གསུམ་ཅུ་གཉིས་དང་མཛུ་གུ་ལྔ་བོ་བྲང་ལ་བཞག་སྟེ་བསམ་དགོས། ང་ཚོ་ལ་ཤེས་ཡོན་གྱིས་ཕུངས་ན་ནི་རི་ཕུགས་གི་ཆུ་མགོ་བསྐམས་སོང་བ་ནང་བཞིན་རི་མདོ་ན་ཆུ་འབྱུང་ངམ་མི་འབྱུང་བས་ང་ཚོའི་སྡེ་འདིས་དཔེ་ཀློག་དང་ཤེས་ཡོན་སྦྱོང་བ་དོར་བའི་རིགས་མིན་ནོ།།
2018/09/22 (མཚན་མོར)晚间分享
网友评论