美文网首页
མི་ཚེ།

མི་ཚེ།

作者: slzm | 来源:发表于2016-05-02 10:03 被阅读27次

                             

                                                  དམར་ཁ་ཚ།

        ཨ་མའི་མངལ་ཁོག་དྲོན་མོ་ནས་ཟླ་དགུ་ཞག་བཅུ་ལ་བསྡད་རྗེས། ཨག་སྐད་ཅིག་དང་མཉམ་དུ་འཇིན་རྟེན་མི་ཡུལ་འདིར་སྒྲེན་པོར་དམར་ཧྲེང་སེ་ཐོན་པ་ནས་བཟུང་།ཞིང་བས་ས་བོན་རྡོག་གཅིག་ཆུ་ལུད་འཛོམས་པའི་ཁུད་དུ་མནན་པ་དང་གཉིས་སུ་མེད།ཕ་མ་དང་ཕུ་ནུ་ཡང་ན་མི་རིགས་སམ་མིའི་རིགས་ཀྱིས་རེ་བ་དང་ཡིད་ཆེས་ཀྱི་ཐ་སྙད་བསྡེབས་མ་ཞིག་ཁྱོད་ལ་སྲུང་འཁོར་གྱི་ཚུལ་དུ་སྐེ་ལ་དམ་པོར་བཏགས་ཡོད།

      ཁྱོད་རང་ནར་སོན་གྱི་གོ་རིམ་ཁྲོད་དུ་ཉིན་མཚན་དབྱེར་མེད་དུ་ཉལ་བ་དང་འཐུང་བ་ལས།གཟུགས་གྲུབ་ཀྱི་ཕུང་པོ་འདི་ཇེ་ཆེར་ཕྱིན་ཏེ་མིག་དབང་ལ་ཐོགས་པའི་མདོག་དེ་འཛིན་པར་སྤྲོ་ཞིང་། རྣ་དབང་ལ་འཕྲད་པའི་སྒྲ་དེར་ཚོར་བར་དགའ།ཞིམ་མངར་ཁ་སྐྱུར་ཚོར་བས་ཟིན་ཚོད་དུ་ཤ་སྐྱི་ཡང་དེ་བཞིན་ཡོམ་ཡོམ་གཡོ་བར་གོམས་ཡོང་།ཉལ་བ་ལས་ཙོག་འདུག་ཤེས་པ་དང་ཙོག་འདུག་ལས་གོག་འགྲོ་ལ་རེམ་པ།དེ་བཞིན་ཀེར་ལངས་བྱས་ནས་གོམ་པ་འཁྱར་འཁྱོར་རེ་ལེན་དུས།སྒྱེ་མོ་ཞིག་ཏུ་ས་རྡུལ་གང་བླུགས་པ་བཞིན་རང་ཚུགས་མ་ཟིན་པའི་ངང་ཚུལ་འདི་ནི།ཐོག་མ་ཞིག་ནས་མི་ཚེའི་བརྒྱུད་རིམ་ཞིག་གི་གནས་ལུགས་ཅིག་གམ་སྡོམ་ཚིག་ཅིག་འགོད་པ་བཞིན་དུ།མར་ལ་ཅི་ཙམ་འགྱེལ་ཡང་ཡར་ལ་དེ་ཙམ་དུ་ལངས་ཅི་ཐུབ་བྱས།

      འཇམ་ཤ་ཆགས་པའི་མཁུར་ཚོས་ལ་བསམ་བཞིན་ཚོས་མདོག་བྱུགས་པ་དང་འདྲ་བའི་དམར་པོ་མེ་དཔུང་གི་ཁ་དོག་ལ་འགྲན་ཞིང་། གྲུང་ཤ་དོད་པའི་མིག་ཟུང་ཀེམ་ཀེམ་གཡོ་བའི་རྣམ་དཔྱོད་ཀྱི་རྩལ་དགུ་ཐོགས་པའི་སློབ་ལོ་སོན་པའི་ཁྱོད། ཤེས་རིག་གི་སློབ་གླིང་འགྲིམས་མགོ་ཚུགས་སོང་།ཨ་ཕའི་གདམས་ངག་ཡིད་ལ་བཟུང་ཞིང་ཨ་མས་གནང་བའི་བྲོ་ཁ་རུམ་ལ་བཅུག་ནས། འཛུམ་ཆུང་ཞིག་གིས་བདེ་མོ་བཞག་སྟེ་ཚད་ལ་རན་པའི་དཔེ་ཁུག་ཅིག་ཁུར་ནས་རྐང་ལམ་ཕྲ་མོ་དེ་རྡོག་པས་མནན་ཏེ་མདུན་ནས་མདུན་དུ་བསྐྱོད་ཅིང་།འཕྲང་ནས་འཕྲང་རིང་བརྒལ་ཏེ་ཕ་རོལ་གྱི་ལྟེམ་མེར་འཁྱུལ་བའི་རིག་གཞུང་བྲུག་པོའི་རྒྱ་མཚོ་ནས་རྐྱལ་རྩལ་ཡིད་ཚིམས་པ་ཞིག་སྦྱང་ནས་ཕྱིར་ཡུལ་ལ་ལོག་པའི་ལམ་བར་དུ།ངལ་དུབ་ཀྱི་གོམ་པ་ལྕི་མོ་གཅིག་གཅིག་གཉིས་གཉིས་ཀྱིས་མདུན་དུ་འཇོག་དུས།སྣེ་མོ་མིག་གིས་མི་ཟིན་པའི་ས་འབུ་ཞིག་གོག་ནུར་བྱེད་པ་དང་འདྲ་བའི་ལམ་བུ་ཀྱག་ཀྱོག་འདི་ལ་། ཁྱོད་སུན་སྣང་སྐྱེ་ཞོར་རྐང་རྡེབ་རེ་བྱས་ནས་མདུན་དུ་མི་བསྐྱོད་ག་མེད་ཡིན། འདི་ནི་མི་ཚེའི་བཤུལ་ལམ་རིང་མོ་ཀྱག་ཀྱོག་ཡིན་ཟེར་བ་དེ་བདེན་དོན་ཡིན་པ་ར་སྤྲོད་བྱེད་པའི་ཐབས་མཆོག་རེད།

    ཁྱོད་ཀྱི་རིག་གནས་ཡོན་ཏན་ཧི་མ་ལ་ལ་ཡི་གཏོས་དང་མཉམ་པའི་ཞོགས་པ་ཞིག་ལ་གདོང་ལ་མིག་ཤེལ་དྭངས་མོ་ཞིག་མནབ་ཅིང་། མཆན་ལ་ཚི་དྲག་ཆགས་པའི་དཔེ་ཆ་འགའ་གཅིར་ནས་སྔར་ཀྱི་རྐང་ལམ་ཕྲ་མོ་དེ་ད་ནི་གཞུང་ལམ་ཁོད་རྒྱ་ཆེ་བ་ཞིག་ཏུ་བཟོས་འདུག་པ་འདི་བརྒྱུད་དེ་སློབ་གླིང་ཞིག་དམིགས་ནས་འགྲོ་དུས།གཡས་གཡོན་ན་འགྲོ་བའི་བྱིས་པ་སྣབས་ལུགས་དེ་ཚོས་"དགེ་རྒན་བཟང་"ཞེས་འུར་རྒྱག་ཞོར་བང་གིས་ཞོགས་སོང་བའི་ཤུལ་ན་ཁྱེད་ཀྱི་སྔར་བཞིན་ཀྱག་ཀྱོག་མང་བའི་སྒུར་ཁ་དེ་ཚོ་ལུས་ཀྱིས་མི་ལོན་པར་དཀའ་བ་མྱོང་ཞོར་མིག་གིས་ཀྱང་རང་གི་ལམ་བུ་ལ་ཕུར་ཚུགས་སུ་ཅེར་བ་ལས་སློབ་ཕྲུག་ཚོ་གར་སོང་ཆ་མེད་དུ་གྱུར་སོང་ལ།དོག་ཅིང་རྡུལ་འཚབ་ཀྱི་ཁེངས་པའི་རྐང་ལམ་ཕྲ་མོ་དེ་གཞུང་ལམ་ཁོད་རྒྱ་ཆེ་ཞིང་ངོས་མཉམ་པོ་ཞིག་ཏུ་བཟོས་ཡོད་ནའང་ཀྱག་ཀྱོག་ཡིན་པ་སྔར་བཞིན་བསྒྱུར་བཅོས་བྱས་མེད་ལ་མེད་པའི་ལན་དུ་ལེ་འདའ་བྱེད་ཞོར་རྒྱང་རིང་དུ་ཡིབ་སོང་།

                                     

    相关文章

      网友评论

          本文标题:མི་ཚེ།

          本文链接:https://www.haomeiwen.com/subject/bnklrttx.html