ཚན་པ། བཅུ་གཉིས།
ཡང་རྩ་དོན་དབྱེ་འབྱེད་ཀྱི་བསམ་བློར་གོ་བ་ཡག་པོར་མ་ལོན་ཚེ། གནད་དོན་གཞན་ཞིག་འབྱུང་སྲིད་པ་ནི། སོ་སོའི་རྩ་དོན་དབྱེ་འབྱེད་བྱས་ཚར་ན། དེ་ནས་་རང་དོན་རྐྱང་རྐྱང་ལ་གཞོལ་བ་ལས་གཞན་ལ་ཕན་པའི་བྱ་བཞག་གང་ཡང་སྒྲུབ་མི་རིགས་སྙམ་པའི་འཁྲུལ་གཞི་ཞིག་འབྱུང་སླ་བ་དེ་རེད། རྩ་དོན་དབྱེ་དབྱེ་འབྱེད་བྱ་དགོས་པ་དེ། གཞན་གྱིས་ཕན་ལན་འཇལ་མིན་དང་ཚུར་བསྟོད་བསྔགས་བྱ་མིན་སོགས་ནི། གཞན་ཁོ་ནའི་རྩ་དོན་ཡིན་པས་དེ་ལ་ཐེ་གཏོགས་དང་རེ་ལྟོས་མི་བྱ་མི་རིགས་པ་ཤེས་ཆེད་དང་། ཡང་ན་ལན་ལ་རེ་བའི་བསམ་བློ་སྣ་ཚོགས་འགོག་ཆེད་ཡིན་པ་ལས། གཞན་གྱི་བདེ་སྡུག་ཡོད་ཚད་སྣང་མེད་དུ་གཡུགས་ཏེ། སྒེར་སེམས་ཁོ་ནས་འཚོ་རྒྱུ་དེ་ནི་གཏན་ནས་མ་ཡིན་ནོ།། ལྡོག་སྟེ། དཔེ་ཆ་འདིའི་དགོངས་དོན་ལྟར་ན། ལན་ལ་རེ་བའི་བསམ་བློ་ཡོད་མི་རུང་བ་ལས་བདེ་སྐྱིད་ཀྱི་གཞི་རྩ་མཐར་ཐུག་ཡང་གཞན་ཕན་སྒྲུབ་པ་དང་གཞན་ལ་རིན་ཐང་བསྐྲུན་པ་ཁོ་ན་ལས་འབྱུང་བར་བཤད་ཀྱིན་འདུག མ་ཟད་ཆེས་རྟག་བརྟན་ཡུན་གནས་ཀྱི་བདེ་སྐྱིད་ཞེས་པ་དེ་ཡང་མི་གང་ཞིག་དང་ཚོགས་སྡེ་གང་ཞིག་ལ་རོགས་འདེགས་བྱས་པའི་ཆ་ནས་བྱུང་བའི་ཡིད་ཚིམ་ཞིང་སེམས་མགུ་བའི་རིན་ཐང་གི་འདུ་ཤེས་དེ་ལ་ངོས་འཛིན་བྱས་འདུག་པས། གཞན་ལ་ཕན་པའི་བྱ་བཞག་ཇི་ཙམ་སྒྲུབ་ཐུབ་ན། དེའི་ཚོད་ཀྱིས་རང་གི་མི་ཚེ་དོན་ལྡན་དུ་མཐོང་ཞིང་རིན་ཐང་ཡོད་པར་བསམ་ཡོང་བས། དེ་ནས་ནང་སེམས་ཀྱི་བདེ་སྐྱིད་ཀྱང་རང་བཞིན་གྱིས་འཕེལ་ཡོང་བར་བཤད་དོ།། དེས་ན་སྡུག་བསྔལ་གྱི་རྩ་བ་ནི་འགྲན་སེམས་ཀྱིས་བསླུས་པའི་སྤྱི་ཚོགས་འབྲེལ་འདྲིས་ལ་ཐུག་ཡོད་པ་བཞིན། བདེ་སྐྱིད་ཀྱི་རྩ་བ་ཡང་གཞན་ཕན་གྱིས་ཟིན་པའི་སྤྱི་ཚོགས་འབྲེལ་འདྲིས་ལ་རེག་ལས་པའི་རྣམ་གཞག་འདི་ཉིད་རྩྭ་ཀུ་ཤའི་རྩེ་མོ་ལྟར་དུ་མ་འདྲེས་ཤིང་མ་འཛིང་བར་སོ་སོར་འབྱེད་ཤེས་རྒྱུ་དེ་ཡང་། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་གླེང་འདོད་བྱུང་ངོ་།།
网友评论